མཚན་ལ་སྙིང་གཏམ་བཤད་སའི་བུ་མོ་དེ།

མྱུག་ཆར།        2023-04-13

མཚན་ལ་སྙིང་གཏམ་བཤད་སའི་བུ་མོ་དེ།།

ད་ལྟ་མིག་གིས་མཐོང་དུ་མེད་ན་ཡང་།།

རྟོད་ཐག་མེད་པའི་དྲན་པ་ལང་ཤོར་འདིས།།

ངེས་མེད་སེམས་འདི་སྡུག་གི་ཐང་ལ་དྲུད།།

ཐོད་ལ་བརྐོས་པའི་ལས་ཀྱི་རི་མོ་འདི།།

ཁྱོད་དང་ང་ཡིས་བསུབ་ཐབས་མེད་ན་ཡང་།།

མུ་མེད་འཚོ་བའི་ཐང་ཆེན་གཞལ་བའི་དུས།།

སྙིང་ཉེ་ཁྱེད་རང་གང་དུ་བསྐུངས་པ་འདྲ།།

གློ་བུར་གློ་བུར་དྲན་པའི་གདུང་བ་ཡིས།།

དུངས་པའི་མིག་ལ་སྐྱོ་བའི་ཉམས་ཀྱང་ཤར།།

ཞེན་ཆགས་རླུང་བུ་ཡང་ཡང་གཡུག་པའི་དུས།།

དམར་པོ་སྙིང་ལ་སྐྱོ་བའི་ན་བུན་འཐིབས།།

སྙིང་ཉེ་སྙིང་ཉེ་ཞེས་ཀྱང་གང་དུ་ཡོད།།

ནམ་མཁའི་མཐའ་ལ་བལྟས་ཀྱང་མི་མཐོང་བས།།

རེ་ཐག་ཆད་པའི་མིག་ཟུང་གོར་མོ་འདིས།།

བདེ་སྐྱིད་ཅེས་པ་མཐོང་དུ་མེད་དོན་ཅི།།

ང་ནི་དུས་ཀྱི་བྱིས་པ་བསམ་མེད་དེ།།

སྐྱོ་བའི་རྣམ་ཤེས་ཁྲིད་དེ་གང་དུ་འགྲོ།།

ཁེར་རྐྱང་གོམ་པ་སྒྲོག་ལ་ཚུད་པའི་དུས།།

ལས་དབང་ལྷ་ལ་བཅོལ་ལམ་སྙིང་ཉེ་ལགས།།

བརྩེ་བ་འདི་ཡང་རལ་གྲི་ངོ་གཉིས་མ།

དགའ་སྡུག་གཉིས་ལ་ཆ་འཇོག་མེད་ན་ཡང་།།

ཚེ་རབས་ལས་ཀྱི་བུ་ལོན་ལྕི་མོ་འདིས།།

མི་སེམས་འདི་ཡང་སྡུག་གི་འོབས་ལ་ལྷུང་།།



  • ལེ་ཚན་སྔོན་མ།:མི་ཚེ་ནི་རྨི་ལམ་གྱི་ཁ་གཏད་དུ་འགྲེང་བ་ལྟ་བུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།