མི་ཚེ་ནི་རྨི་ལམ་གྱི་ཁ་གཏད་དུ་འགྲེང་བ་ལྟ་བུ།

ཇེང་།        2023-04-12

མིག་མདུན་དུ་དྲན་པ་ཉེ་བར་བཞག་པའི་

ཡིད་ཀྱི་ལྗོངས་འདིར་ལུས་པའི་ཁེར་རྐྱང་གི་རྒྱ་སེ།

ཞེ་འདང་གི་ནམ་མཁའ་འདི་ནས་ཁྱོད་ཁོ་ནའི་

བདེ་བ་གླེང་།

ཉི་ཟླའི་བརྩེ་བ་འཁྱིལ་ས་ནས།

ཡིད་གཞུང་གི་གཙང་པོའི་བཞུར་རྒྱུན་རིང་།

ངག་སྒོ་ནས་དྲན་པའི་སྒོ་གླེགས་བརྡུངས་རྗེས།

ཁྲེལ་གཞུང་ཕྱི་ཐག་གི་དར་སྐུད་རིང་བ་ཆོས་ཉིད་རེད།

མཚོ་ཁར་འགྲེང་བའི་ཞེན་ཆགས་ཅི་ཞིག་མཆིས།

དགའ་སྐྱོ་ཟུང་གི་དབུགས་རིང་རྒྱང་ལ་འཕེན།

ཁུ་སིམ་པའི་ལྷིང་འཇགས་སྣ་ཚོགས།

མཚན་མོ་དེའི་ངང་ཚུལ་ལ་འཁོར་བར་འཁྱམས།

སེམས་ཆུང་དྲོད་ཀྱིས་རུམ་ནས་ཉི་མ་འདེ།

དུངས་སེམས་ཨ་ལོང་སྦྲེལ་ནས་མདུད་པ་རྒྱག

རྟོག་བཏགས་ཀྱིས་བཞེངས་པའི་

ཞེ་འདང་མེ་རུ་སྒྲོན་པའི་ཐ་སྙད་སྣ་ཚོགས།

དབྱངས་གསལ་གྱི་ལྷ་ཚོགས་འཁྱུད་པའི་རྣམ་ཤེས།

འཚོ་བའི་སྡུག་ཡུས་དང་འཁང་ར་འཐེན་ཞོར།

གུ་དོག་པའི་མི་ཚོགས་ཀྱི་ངོ་གདོང་ཕྲད་རྗེས།

སུ་ཞིག་གིས་ད་དུང་གསུང་གླེང་མཛད་ཀྱིན་འདུག

སྲོད་ཀྱི་མཚམས་སུ་བཏེགས་པའི་དྲན་གདུང་།

ཁེར་རྐྱང་གི་གནས་མལ་ན་ཁྱོད་རང་ཅི་ཞིག་ལུས་ཡོད།

ལས་དབང་གི་ཁ་གཏད་འགྲེང་བའི་མི་རབས།

ཨུ་ཚུགས་ཀྱིས་འཁོར་བའི་ཚལ་དུ་གྲུབ་རྗེས།

མིག་ཟུང་ཅེར་ནས་ག་ལེར་ཕྱོགས།

དབྱངས་ཀྱི་ཟིལ་བ་ཆགས་པའི་གཞས་དེ།

གཙང་འགྲམ་གྱི་རོལ་རྩེད་དང་ལྷན་དུ།

བྲེལ་འཚུབ་མ་བྱས་པར་ཡུན་རིང་རྣ་བར་སྙན།

བྲིས་མ་ཚར་བའི་ཐ་སྙད་དེ་དག།

ཡུན་རིང་ཞིག་ལ་ཁྱོད་ཀྱི་གམ་དུ་ལྷག།

མི་ཚེའི་ཐ་གུ་རིང་མོ་རྒྱང་རིང་ལ་འཐེན་ཡང་།

ཐོད་པའི་ཡང་སྙིང་ངམ་ཡང་ན་གཞན་ཞིག་གིས།

སྙིང་པོ་མཐའ་དག་གཏམ་རྒྱུད་རེ་རེའི་ཁུད་ན་བསྐུངས།

༡༠

མིག་ཟུང་གཉོམ་པོ་འདིའི་

ལྡེབས་ངོས་སུ་བཀར་བའི་དངོས་པོ་དག

རྣམ་སྨིན་གྱིས་བསྡུས་པའི་ཕུང་པོ་འམ་

སྡིག་སྒྲིབ་ག་ཙམ་ཞིག་རང་གི་ཉེ་སར་འདྲུད་ཡོང་།

༡༡

མཁའ་དབྱིངས་སུ་བཏེགས་པའི་བྱ་ཁྱུ།

དྲན་གདུང་གིས་མ་བཟོད་པར།

མཚོ་དང་མཚེའུ་ངོགས་སུ།

ཕྱིར་མིག་གི་ཞེན་ཆགས་ཤོར།

༡༢

རེ་སྨོན་གྱི་བྱེ་བ་བརྒྱ་ཕྲག།

མིག་མཐའི་ཆར་རྒྱུན་རིང་མོ།

རང་གི་ས་ཚུགས་གཅིག་སྲུང་ཐབས་བྱས།

༡༣

རེ་སྒུག་གི་དགུ་ཚིགས་ཀློང་ན།

རླབས་ཀྱིས་སྒུལ་བའི་མི་ཚེ་ཧྲིལ་བོ།

མ་འོངས་པའི་ལྟག་རྒྱབ་ཀྱི་མག་མོག་མཐོང་ཨེ་བྱུང་།

༡༤

སྣང་བའི་ངོས་ཀྱི་རྡུལ་སྨག་ཡོད་ཚད།

སྐྱེ་འཆིའི་གོ་རིམ་བརྒྱུད་པའི་ན་ཚ་དེས་བདུངས།

ཡུད་ཙམ་ལ་ངག་ལྐུགས་རྗེས།

འདོད་སྲེད་ཀྱི་རུས་པ་མཁྲེགས་པོ་དེ།

ཨུ་ཚུགས་ཀྱིས་ཞེ་སྡང་འགགས་པར་གྱུར།

༡༥

རྗེས་འདེད་ཀྱི་གྲིབ་མ་བཞིན།

ཡུན་རིང་གི་ལག་དམར།

ཉོན་མོངས་པའི་ཙག་གིས་བསྡམས།

༡༦

དབུགས་ཀྱི་ཁ་རླངས་ཡལ་བའི་

འཆི་ཁར་རླུང་བུ་དམར་པོ་གང་སར་ལྡང་།

༡༧

རེ་དོགས་ཀྱིས་སྦྲིད་པའི་ལུས་པོ།

ན་ཟུག་གི་མེ་ཏོག་ཁྱོར་བ་གང་བཏབ་རྗེས།

ཕལ་བའི་རྨི་ལམ་གྱི་ནགས་ཚལ་སྟུག་པོ་དེ་དག།

༡༨

གཟུགས་མེད་ཀྱི་དྲན་གདུང་ནི་

སེམས་ཀྱི་གཏིང་རུམ་དུ་ལུས་འདུག།

རྒོད་པོ་མཐུར་མེད་ཀྱི་ང་ཡི་རྟ་ཕོ།

འུ་གཉིས་བློས་བསླངས་ཀྱི་ཕོ་ཉ་དེའོ།།

༡༩

ཡར་ཀླུང་གཙང་པོའི་བཞུར་རྒྱུན་དང་འདྲེས་ཏེ།

གསེར་མིག་ཉ་མོའི་བརྩེ་བ་དང་མཉམ་དུ།

མཛེས་སྡུག་ཆ་ཤས་ཤིག་བཞེངས་པའི་སྒྱུ་འཕྲུལ།

༢༠

སྐྱོ་གདུང་མེད་པའི་མཚན་ཡུགས་དེར།

འཛུམ་མདངས་ཀྱི་ཞལ་ཁ་གྲོལ་བའི་རྗེ་བཙུན།

ངའི་རྨི་ལམ་མཐའ་དག་མཛའ་

བརྩེ་ཡི་བྲང་གཞུང་དུ་འཁྱིལ།

༢༡

མེ་ལོང་དུ་ངོ་གདོང་མཐོང་རྗེས།

མིག་ཟུང་ལ་ཐོགས་པའི་ཞེན་ཆགས་ཀྱི་སྣེ་རུ།

ཉི་ནུབ་ཀློང་གི་ཡིད་གར་འོང་བའི་

བྱ་ཁྱུ་ལྡིང་སྐོར་བྱས།



  • ལེ་ཚན་སྔོན་མ།:མ་སྐྱེས་ཨ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།