སློབ་གསོའི་སྐོར་གྱི་དེབ་རྩ་ཆེན་ཞིག་པར་དུ་བསྐྲུན་འདུག།

        2023-04-11

  ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སློབ་གསོ་སློབ་ཁྲིད་ཞིབ་འཇུག་ཁང་གི་རྒན་བསོད་ནམས་རྡོ་རྗེ་ལགས་ཀྱིས་བརྩམས་པའིསློབ་གསོའི་ངོས་འཛིན་དང་ལག་ལེན་མྱོང་བཤདཅེས་པའི་སློབ་གསོའི་ཆེད་དེབ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།


སློབ་གསོའི་སྐོར་གྱི་དེབ་རྩ་ཆེན་ཞིག་པར་དུ་བསྐྲུན་འདུག།


ཆེད་དེབ་འདིརསློབ་གསོའི་ངོས་འཛིན་དཔྱད་འཚོལདངསློབ་གསོའི་ལག་ལེན་མྱོང་བཤདཅེས་ལེའུ་གཉིས་སུ་བགོས་ཡོད། ལེའུ་དང་པོར་སློབ་གསོ་བསྒྲུབས་པའི་གོ་རིམ་ཁྲོད་ངེས་ཤེས་བརྟན་པོ་འདྲོང་དགོས་པའི་གནད་གཙོ་བོ་སྟེ་སློབ་གསོའི་གོ་དོན་དང་དམིགས་ཡུལ། བྱེད་ནུས། སློབ་གསོའི་གཙོ་བདག་དང་། ནང་དོན། ཐབས་ལམ་བཅས་ཀྱི་ཐད་ནས་ངོས་འཛིན་སྟངས་ག་འདྲ་ཡིན་ཚུལ་སོགས་རྒྱལ་ཕྱི་ནང་གི་སློབ་གསོའི་གཞུང་ལུགས་གྲགས་ཅན་དག་དང་འབྲེལ་ཏེ་དཔྱད་གླེང་བྱས་ཡོད། ལེའུ་གཉིས་པར་འབྲེལ་ཡོད་ལས་ཁུངས་ཀྱི་གསར་འགོད་པས་རྒན་བསོད་ནམས་རྡོ་རྗེ་ལགས་ལ་རྨང་གཞི་སློབ་གསོ་རྩ་བར་བཟུང་སྟེ་སློབ་སྒྲུབ་ཀྱི་བསམ་བློ་དང་། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན། སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་སོགས་ཀྱི་ཐད་བཅར་འདྲི་བྱས་པའི་ཟིན་བྲིས་གསུམ་ལྷན་ཐབས་ཀྱི་ཚུལ་དུ་བཀོད་ཡོད། དེ་བས། ལེའུ་གཉིས་ཀ་ལྟོ་སྤྲད་དེ་བཀླག་ཚེ་རྨང་གཞི་སློབ་གསོའི་གནས་སྟངས་དང་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ངོས་འཛིན་གསལ་བོ་ཞིག་ཡོང་ངེས་སོ།།

     སྤྱིར་མི་རིགས་ཤིག་གི་དར་རྒུད་ཡོངས་རྫོགས་སློབ་གསོའི་སྡེ་ཡིས་འཁུར་དགོས་ཟེར་བ་མིན་མོད། ཡིན་ནའང་རྨང་གཞི་སློབ་གསོ་ནི་དར་རྒུད་ཀུན་གྱི་གཞི་རྩ་ཡིན་པའི་ངོས་ནས་བསམ་ན། སློབ་གསོའི་སྡེ་ན་ཡོད་པའི་མི་བུ་ཐམས་ཅད་དང་ལྷག་དོན་སློབ་གསོར་དོ་དམ་བྱེད་པའི་སློབ་སྤྱི་དང་དགེ་རྒན་དག་ནི། མི་རིགས་ཤིག་གི་འཕྲལ་ཕུགས་དང་མི་བུ་རེ་རེའི་མི་ཚེར་ཕུགས་བསམ་གྱི་རྨི་ལམ་བསྐྲུན་མཁན་ཞིག་དང་། མགོ་བོ་གྱེན་དུ་འདེགས་པའི་སྐེ་དང་གནས་ལུགས་དྲང་བོར་བརྗོད་པའི་ལྕེ། མིག་གིས་བལྟ་ས་དང་རྣ་བས་ཉན་ས་ཡིན་པའི་ངོས་ནས་བཤད་ན། གལ་ཏེ་བོད་ཀྱི་རྨང་གཞི་སློབ་གསོའི་སྡེ་ན་ཡོད་པའི་སློབ་གསོའི་ལས་དོན་པ་དག་གིས་རང་རེའི་གནས་བབ་ལ་ངོས་འཛིན་གསར་བ་ཞིག་མ་ཐོབ་ཅིང་། དུས་ཀྱི་ཆོས་ཉིད་ལ་ངེས་རྟོགས་གསལ་བོ་ཞིག་མ་རྙེད་པར། ནམ་རྒྱུན་སློབ་གསོའི་རྒྱུན་ཤེས་ལ་རྡོག་རྫིས་བཏང་ན། མི་རིགས་སློབ་གསོའི་འཕེལ་རྒྱས་ནི་རྩ་བ་མེད་པའི་ལྗོན་པར་འགྱུར་སྲིད་པས། ཆེད་དེབ་འདི་ལས་རྨང་གཞི་སློབ་གསོའི་སྡེ་ན་ཡོད་པའི་མི་སུ་ཡིན་རུང་སློབ་གསོའི་ངོ་བོ་དང་དམིགས་འདུན་སོགས་ལ་གོ་བ་ཚུགས་ཐུབ་ཅིག་རྙེད་རྒྱུ་དང་། སློབ་གསོའི་རྒྱུན་ཤེས་ལ་རྟོགས་པ་རྣལ་མ་རེ་འཁྲུངས་ཏེ་ལག་ལེན་དོན་འཁྱོལ་ཞིག་ཡོང་རྒྱུ་ནི་གལ་འགངས་ཆེ་བར་བསམ་ནས། ཐོག་མཐའ་བར་གསུམ་དུ་སློབ་གསོའི་ཆོས་ཉིད་དང་རྒྱུན་ཤེས་སྲོག་ཤིང་དུ་བཟུང་སྟེ། སློབ་གསོའི་ངོ་བོ་ནི་མིའི་ཚེ་སྲོག་ལ་ཤེས་རབ་བསྐྱེད་པའི་གོ་རིམ་ཞིག་ཡིན་པ་དང་། སློབ་གསོའི་དམིགས་འདུན་ནི་མིའི་ཤེས་ཡོན་ཡར་རྒྱས་སུ་གཏོང་བ་ལས་གཞན། མིའི་ལྷན་གཤིས་སུ་ཡོད་པའི་གཤིས་སྤྱོད་བཟང་བོ་དང་། བྱམས་བརྩེ། མཚར་བློ་དང་གསར་གཏོད་ཀྱི་སྙིང་སྟོབས་སོགས་ཀྱི་རིགས་པ་མང་བོ་ཞིག་སྨིན་པར་བྱས་ཏེ་ཚེ་སྲོག་གི་རིན་ཐང་མངོན་འགྱུར་བྱེད་རྒྱུ་དེ་ཡིན་པའི་ལྟ་ཚུལ་བཏོན་ཡོད།  

སློབ་གསོའི་སྐོར་གྱི་དེབ་རྩ་ཆེན་ཞིག་པར་དུ་བསྐྲུན་འདུག།

ཆེད་དེབ་འདི་ནི་རྒན་བསོད་ནམས་རྡོ་རྗེ་ལགས་ཀྱིས་ལོ་ངོ་སུམ་ཅུར་ཉེ་བའི་རིང་ལ། རྨང་གཞི་སློབ་གསོའི་ལས་རྐང་དུ་སློབ་སྤྱིའི་འགན་ཁུར་ཏེ། སློབ་གྲྭ་གསར་བ་གསུམ་བསྒྲུབས་པའི་ཉམས་མྱོང་རྩ་བར་བཟུང་ཞིང་། སྒོས་སུ་རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་གྲགས་ཅན་མང་པོ་ཞིག་ལ་ཟབ་སྦྱོང་དུ་བསྐྱོད་པ་དང་། སློབ་གསོའི་གཞུང་ལུགས་ལ་སློབ་གཉེར་གནང་བ། སློབ་གསོ་པ་གྲགས་ཅན་དག་ལ་འབྲེལ་འདྲིས་བྱས་པ་སོགས་ལྷན་གཅིག་བྱེད་རྐྱེན་ལ་བརྟེན་ནས་ཉེ་བར་གྲུབ་པ་ཞིག་ཡིན་པས། ཆེད་དེབ་འདིར་སྤྱིར་བཏང་སློབ་གསོ་རིག་པའི་སྒྲོམ་གཞི་ལྟར་སློབ་གསོའི་ཆོས་ཉིད་དང་རྒྱུན་ཤེས་སྐོར་གྱི་ངོས་འཛིན་དང་སློབ་སྒྲུབ་ཀྱི་ཉམས་མྱོང་སོགས་ཕྱོགས་མང་པོ་ནས་སློབ་གསོ་སློབ་ཁྲིད་ཀྱི་བྱ་བར་ཞུགས་པའི་འཆད་ཁྲིད་དགེ་རྒན་དང་། སློབ་གསོའི་དོ་དམ་པ། སློབ་གསོ་ཞིབ་འཇུག་པ་སོགས་སུ་དང་གང་ཞིག་ལ་མཚོན་ནའང་བློ་སྐྱེད་ཐོན་ངེས་པའི་སློབ་གསོའི་ཆེད་དེབ་ཅིག་ཡིན་ནོ།།

སློབ་གསོའི་སྐོར་གྱི་དེབ་རྩ་ཆེན་ཞིག་པར་དུ་བསྐྲུན་འདུག།


རྩོམ་པ་པོ།

བསོད་ནམས་རྡོ་རྗེ།

བསོད་ནམས་རྡོ་རྗེ་ནི། 1974ལོར་མདོ་སྨད་ཁྲི་ཀའི་ལ་འགྲོ་སྡེ་བར་སྐྱེས། 1992ལོར་གཞི་རིམ་སློབ་གསོའི་ལས་ཀར་ཞུགས། སྔ་ཕྱིར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཤར་ལུང་ལྟེ་གནས་བཅའ་སྡོད་སློབ་གྲྭ་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པ་སོགས་སུ་སློབ་སྤྱིའི་འགན་ཁུར་མྱོང་ལ། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་སློབ་སྤྱི། དཔེ་ལེགས་སློབ་སྤྱི་སོགས་ཀྱི་མཚན་སྙན་ཡང་ཐོབ་མྱོང། ལས་ཞོར་དུགངས་རྒྱན་མེ་ཏོགདང་། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《བོད་ཀྱི་སློབ་གསོ》《མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབསོགས་སུ་སྙན་ངག་དང་བསྒྱུར་རྩོམ། རྒྱ་བོད་སྐད་གཉིས་ཀྱི་སློབ་གསོའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ། སློབ་སྤྱིའི་འགན་འཁུར་བའི་རིང་མཚོ་སྔོན་དགེ་འོས་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན། ཧྭ་ཏུང་དགེ་འོས་སློབ་ཆེན། པེ་ཅིང་དགེ་འོས་སློབ་ཆེན། ཨོ་སི་ཁྲུ་ལི་ཡའི་ཞི་ཉི་སློབ་ཆེན། མོ་ཨེར་པུན་སློབ་ཆེན་སོགས་སུ་སློབ་གཉེར་དང་ཟབ་སྦྱོང་བྱས། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སློབ་གསོ་སློབ་ཁྲིད་ཞིབ་འཇུག་ཁང་དུ་ལས་ཀ་གཉེར་བཞིན་ཡོད།


བསོད་ནམས་རྡོ་རྗེས་མཁོ་འདོན་བྱས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:གཏམ་བཟང་། ཀྲུང་གོའི་བོད་སྨན་ཐོན་ཁུངས་མཛོད་བསྐྲུན་འདུག
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གི་དཔེ་ཆ་འདི་ཚོ་དཔར་འགྲེམས་བྱས་འདུག།
  • དོ་སྣང་ཆེ་བའི་རྩོམ།