པེ་ཅིང་རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་ལ་འགྱུར་བཞིན་ཡོད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-04-11

པེ་ཅིང་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ནང་མཁོ་རྒྱ་སྐྱེད་དང་དམངས་འཚོ་ལེགས་གཏོང་བྱ་རྒྱུས་ཁྲིད་སྟོན་བྱེད་པ་དང་། འཛད་སྤྱོད་ལ་བརྟེན་ནས་རྒྱལ་སའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་བཞིན་ཡོད། 

     དཔྱིད་ཀ་ཤར་རྗེས་པེ་ཅིང་ལེང་མ་ཧོ་གཙང་པོའི་ཡུལ་སྐོར་གྲུ་གཟིངས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། དེ་གར་ཉིན་ལྟར་ཡུལ་སྐོར་བ་མང་པོ་ཕེབས་ཀྱི་ཡོད་ཅིང་། ཡུལ་སྐོར་གྲུ་གཟིངས་ཀྱིས་ཁྲའོ་དབྱང་ཆུས་ཀྱི་གཙོ་གནད་ཚོང་ལས་ཁུལ་དང་མཛེས་ལྗོངས་ཁུལ་མང་པོ་ཞིག་འབྲེལ་མཐུད་བྱས་པ་དང་། ཡུལ་སྐོར་གྲུ་གཟིངས་ཀྱི་ཉམས་ལེན་དང་། རིག་གནས་ཀྱི་བར་ཁམས། གློག་འོད་ཀྱི་འཁྲབ་སྟོན་བཅས་གཅིག་ཏུ་བསྡུས་ཡོད། 

     རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད། དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་དུས་འདིར། པེ་ཅིང་གྲོང་ཁྱེར་གྱིས་དཔྱིད་ཀའི་མེ་ཏོག་ལ་ལྟ་བའི་བརྗོད་བྱ་གཙོ་བོའི་ཡུལ་སྐོར་ལམ་ཐིག་10དང་། རྐང་ཐང་དུ་པེ་ཅིང་གྲོང་ཁྱེར་སྐོར་བའི་ལམ་ཐིག་106  དྲ་ཐོག་ཏུ་སྐད་གྲགས་ཆོད་པའི་ཡུལ་སྐོར་ལམ་ཐིག་300བཅས་ཆེད་མངགས་བཏོད་ཡོད། ཆན་མོན་སན་ལི་ཧོ་ཆུ་བོ་ཁྱོན་ཡོངས་ནས་སྒྱུར་བཀོད་རིམ་སྤོར་བྱས་པ་བརྒྱུད།  ད་ཆ་སན་ལི་ཧོ་ཆུ་བོ་ཁྲོམ་གཞུང་དང་སྲང་ལམ་བརྒྱུད་ནས་ཆན་མོན་སྐོར་བའི་གནའ་ཉམས་སླར་ཡང་མངོན་པ་དང་ཡུལ་སྐོར་བ་གྲངས་ལས་འདས་པ་གནས་དེར་ཡུལ་སྐོར་སྤྲོ་འཆམ་དུ་ཕེབས་བཞིན་ཡོད། དེ་གར་ཡོད་པའི་ཚོགས་ཁང་རྙིང་པ་ཁག་གཅིག་ཀྱང་བེད་སྤྱོད་ཡག་པོ་བྱས་ནས་གྲོང་ཁྱེར་གྱི་རིག་གནས་དྲན་འཆར་སོར་འཇོག་བྱས་པ་དང་ཆབས་ཅིག གྲོང་མི་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་གནས་འཛད་སྤྱོད་ཀྱི་བར་མཐོངས་གསར་པ་ཞིག་བཏོད་ཡོད། 

     འདི་ལོ་པེ་ཅིང་གིས་ད་དུང་རེས་བསྐོར་གསར་པའི་ཚོང་ལས་ཁུལ་སྒྱུར་བཀོད་རིམ་སྤོར་དང་། སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་ཁུལ་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་ནས།  པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་འཛད་སྤྱོད་དུས་ཚིགས་ལག་བསྟར་བྱེད་འགོ་ཚུགས་ནས་ཟླ་བ་གཅིག་སོང་རིང་། སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་དུ་འཛད་སྤྱོད་འཛིན་ཤོག་སྒོར་དུང་ཕྱུར་3.5གཤམ་སྤྲོད་བྱས་ཏེ་འཛད་སྤྱོད་ཁྲོམ་ར་འཁྲུག་ཏུ་བཏང་ཡོད། 

     གཟའ་མཇུག་ཏུ་སླེབས་སྐབས། ཧྥེང་ཐའེ་ཡི་ཁྱིམ་ཆས་མཛོད་ཁང་སྒྱུར་བཀོད་བྱས་པ་ལས་བྱུང་བའི་གྲོང་ཁྱེར་དེ་ཡོངས་ཀྱི་ལུས་རྩལ་ཕྱོགས་བསྡུས་མ་ལག་ཆེ་ཤོས་དེས་ལོ་ཚད་མི་འདྲ་བའི་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོའི་ཡིད་དབང་བཀུག་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི་གྲོང་ཤར་ཆུས་ལུང་ཧྥུའུ་རིག་གནས་ཁྲོམ་གཞུང་དུ་བཟོ་བཀོད་རྙིང་པ་དང་དར་སྲོལ་གསར་པའི་སྒྱུ་རྩལ་བར་མཐོངས་གཉིས་ཟུང་འབྲེལ་ལེགས་པོ་བྱུང་ཡོད་པས། ན་གཞོན་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།  

     རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་།  ཝང་ཧྥུའུ་ཅིང་དང་། ཤིས་ཏན། ཆན་མོན་སོགས་སྲོལ་རྒྱུན་གྱི་ཚོང་ལས་ཁུལ་གྱིས་རྒྱལ་སྤྱིའི་འཛད་སྤྱོད་ཀྱི་ཡིད་དབང་འཕྲོག་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཧྲོའུ་ཀང་། ལི་ཙེ་སོགས་གསར་དར་ཚོང་ལས་ཁུལ་གྱིས་སྣ་མང་ལས་རྣམ་གསར་པ་མཉམ་འདུས་ཀྱི་སྤྱི་པའི་གསོན་ཤུགས་ལྟེ་གནས་བཏོད་ཡོད།  དེ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི“ཝང་ཧྥུའུ་ཅིང་གི་གོ་ལ་ཧྲིལ་པོའི་ཚོང་ཟོག་ཉོ་སྒྲུབ” ཀྱི་རྒྱལ་མཚམས་ལས་སྒྲོལ་བའི་ཉམས་ལེན་ཚོང་ཁང་ཐོག་མ་དེ་པེ་ཅིང་དུ་བཙུགས་པ་དང་། འགྲེམས་སྟོན་འཁྲབ་སྟོན་དང་། སྤྲོ་གསེང་རོལ་རྩེད་གཅིག་ཏུ་བསྡུས་པའི་ཁྲའོ་ཕྱིའི་ཁྲོམ་གཞུང་དེ་ཡང་གཞོན་ནུ་ཚོས་དགའ་པོ་བྱེད་པའི་ཁྲོམ་གཞུང་ལ་གྱུར་ཡོད། བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་པར་བརྟེན། པེ་ཅིང་གི་སྤྱི་ཡོངས་ཀྱི་འཛད་སྤྱོད་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་། རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་ཚད་དང་། ཚོང་ལས་འཁྲུག་ཆ་དོད་ཚད། འཛད་སྤྱོད་སྟབས་བདེ་ཚད་སོགས་འཛད་སྤྱོད་ཀྱི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།

  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་བྱ་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་ཚའེ་ཡིང་ཝུན་གྱིས་རྒྱལ་མཚམས་སྒྲོལ་ནས་ཨ་རིར་བསྐྱོད་པའི་ཐད་གསལ་བསྒྲགས་སྤེལ་བ།
  • ལེ་ཚན་རྗེས་མ།:སྐབས་༢༠པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་ཞིབ་བཅའ་སྡོད་ལས་དོན་ལེགས་སྒྲུབ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།