ཨ་མ།

རྨོག་ཐང་དཀར།        2023-04-10

ཨ་མ་ལགས།

ངས་ས་མཐའ་ནས་ཁྱེད་ལ་སྙན་

ངག་ཅིག་འབྲི་བཞིན་ཡོད།

ཁྱེད་ཀྱིས་སྙན་ངག་ཀློག་མི་ཤེས་ཀྱང་།

ངས་ཅིས་ཀྱང་ཁྱེད་ལ་སྙན་

ངག་ཅིག་ཕུལ་ན་འདོད།

ཨ་མའི་བརྩེ་སེམས་ཀྱིས་བཏེགས་

པའི་སེམས་གཏམ་དང་བསྡུར་ན།

ངའི་སྙན་ངག་ནང་གི་སྐད་ཆ་དེ་

དག་ཆེས་སྤྱིར་བཏང་གི་སྐད་

ཆ་ཙམ་ཡིན།

ཨ་མ་ལགས།

ང་རང་བྱིས་པའི་དུས་སུ།

ཁྱེད་ཉིད་ནི་རྒས་མི་སྲིད་པའི་

རྟག་བརྟན་གྱི་རི་བོ་ཞིག་ལ་

བརླམས་མྱོང་ནའང་།

བུ་ཕྲུག་དག་གི་ཆེད་དུ།

ཁྱིམ་ཚང་ཞིག་གི་ཆེད་དུ།

ད་ལྟ། ཁྱེད་ཀྱི་སྐྲ་ལོའི་

གསེབ་ཏུ་དཀར་ཐིག་

འབབ་བཞིན་འདུག།

ཨ་མ་ལགས།

ལོ་ཟླ་ནི་ཧ་ཅང་ངང་ཐུང་

བའི་བཞུར་རྒྱུན་ཞིག་རེད།

ང་རང་དར་མར་གྱུར་པའི་

ཁུག་སོ་ནས།

ཁྱེད་རང་འདི་ལྟར་རྒ་བཞིན་

པ་འདི་བཟོད་པར་དཀའ།

ཨ་མ་ནི། འཇིག་རྟེན་གྱི་དྲོད་

ཐིག་དང་།

གོ་ལ་མང་པོའི་དཀྱིལ་སྙིང་

དང་འདྲ་བར།

འཁོར་སྐར་གྱི་ལོག་མལ་ཡིན།

ཨ་མའི་མིག་ཟུང་ནང་ན།

བུ་ཕྲུག་དགོད་པའི་འཛུམ་

མདངས་འཁྱིལ་འདུག།

ཨ་མའི་སེམས་ཁོང་དུ།

བུ་ཕྲུག་དག་གི་ནར་སོན་

དང་མ་འོངས་པ་བསྙལ་འདུག།

ཨ་མ་ནི། བུ་ཕྲུག་དག་གི་རྒྱབ་

རི་སྨུག་པོ་ཞིག་དང་།

མཆོད་གསོལ་མི་དགོས་པའི་

སྲུང་མ་ཉག་གཅིག་སྟེ།

བུ་རབས་ཚ་རྒྱུད་ལ་འཁྲེང་ནས།

དཀའ་སྡུག་གི་ཁྲོད་ནས་རྔུལ་

ཆུ་གཏོར་མཁན་དེ་རེད།

འཇིག་རྟེན་གནམ་གྱི་འོག་ན།

ཨ་མས་སུ་དང་གང་གི་ཚབ་

བྱེད་ནུས་ཀྱང་།

སུ་དང་གང་གིས་ཀྱང་ཨ་

མའི་ཚབ་བྱེད་མི་ནུས།

ང་ཚོས་དེ་ལྟར་རྟོགས་ཀྱང་།

ང་ཚོས་དེ་ལྟར་སྨྲས་ཀྱང་།

ཨ་མ་ནི། བུ་ཕྲུག་དག་གི་

ཆེད་དུ་སེན་མགོ་ཁྲག་དང་

སེན་རྟིང་རྣག་གིས་ཟད་བཞིན་པའི་

རླུང་ཁའི་དར་ལྕོག་ཅིག་དང་

ཁྱད་པར་མི་འདུག།

ཨ་མའི་ལང་ཚོ་ནི།

ཤ་ལས་ཆད་པའི་ཚེ་སྲོག་རློན་

པ་ཞིག་གི་ཆེད་དུ་རྒུད་འགྲོ།

ཨ་མའི་མི་ཚེ་ནི།

འཁོས་ཀ་ཞན་པའི་བུ་ཕྲུག་གཅེར་

བུ་ཞིག་གི་ཆེད་དུ་ཟད་འགྲོ།

ཨ་མའི་བྱམས་བརྩེ་ཡིས།

ཞི་བདེ་ཡི་ཕྱེད་ཀ་ཟིན་ཞིང་།

བདེ་སྐྱིད་ཀྱི་རྨང་གཞི་བཏིང་ཡོད།

འཇིག་རྟེན་ཁམས་ན་ཨ་མ་ཡོད་པས།

དྲིན་དྲན་པ་དང་དྲིན་ལན་

འཇལ་བའི་འདུ་ཤེས་ཤིག་ཆགས།

སངས་རྒྱས་དང་བྱང་ཆུབ་སེམས་

དཔའ་དག་གིས་ཀྱང་།

འདི་ལས་བརྩམས་ཏེ་ཐར་

ལམ་བསྙེགས།

ཨ་མ་ལགས། ལས་སྐལ་གྱིས་

གནང་བའི་མཇལ་འཛོམས་དང་།

བརྩེ་སེམས་ཀྱིས་གཉོར་བའི་

བཀའ་དྲིན།

ང་ལ་ཁྱེད་ཡོད་པའི་དྲོད་ཁོལ་

འདི་དག་ནི།

ངས་འཇིག་རྟེན་གྱི་པང་ནས་

རྙེད་པའི་བདེ་སྐྱིད་ཡིན།

ཨ་མ་ལགས། ཁྱེད་ཉིད་འཁོར་

བའི་འདམ་དུ་ཡོད་ཀྱང་།

ང་རང་ཞི་བའི་ནགས་ཚལ་དུ་

སླེབས་པ་དེ།

འཇམ་དཔལ་གཞོན་ནུའི་མཛད་

སྤྱོད་དང་འདྲ་བར།

ཁྱེད་ཀྱིས་གནང་བའི་བགོ་

སྐལ་དུ་བསམས་ཡོད།

འཇིག་རྟེན་གྱི་ཨ་མ་ཡོད་ཚད།

བྱམས་བརྩེ་ཡི་མངའ་བདག་དང་།

བུ་ཕྲུག་དག་གི་ཆེད་དུ། རྫི་བོ་ལྟ་

བུའི་སེམས་བསྐྱེད་མཁན་དེ་རེད།

ཨ་མ་ལགས། ཁྱེད་ཀྱིས་འཁོར་

བའི་དཀའ་སྡུག་མྱངས་ནས།

གཅེས་པའི་བུ་ཕྲུག་བསྐྱངས།

འབྲོག་པའི་མཚེར་ས་དང་རོང་

པའི་ཞིང་ས་ཐམས་ཅད་དུ།

ཁྱེད་ཀྱིས་འབད་བརྩོན་ངང་སྤོས་

པའི་རྐང་རྗེས་ཀྱིས་ཟིན་འདུག།

ཨ་མ་ལགས། དྲོད་ཁོལ་གྱི་གཞིས་

ཁྱིམ་ཞིག་དང་།

མཛའ་མཐུན་གྱི་ཁྱིམ་རྒྱུད་འདིའི་

ཆེད་དུ།

ཁྱེད་ཀྱིས་དབྱར་དགུན་སྟོན་

དཔྱིད་ཀུན་ཏུ།

སྐར་མ་ཞྭ་དང་བ་མོ་ལྷམ་བྱས་

ནས་དཀའ་སྡུག་གི་ལས་དབང་

གདོང་དུ་བསུས།

ཨ་མ་ལགས། ང་ལ་ཁྱེད་ཡོད་པས།

ངས་མི་ཚོགས་ཀྱི་གྲལ་རིམ་ནས་

མགོ་བོ་འདེགས་ཕོད་ལ།

དྲག་ཤུགས་དང་ཉམས་ཉེས་ཀྱི་སྐྱོ་

སྡུག་ཚོར་མ་མྱོང་།

ཨ་མ་ལགས། ཉི་ཟླ་གཉིས་ཀྱང་།

ཤར་ནས་ནུབ་རིར་བགྲོད་ནས།

རང་རང་གི་འོད་སྣང་ཕྱིར་ལ་

བསྡུས་འགྲོ་བས།

ཁྱེད་ཀྱི་བྱམས་བརྩེ་ལ་མཚུངས་

དཔེ་གཞན་ཞིག་རྙེད་པ་མི་འདུག།

ཨ་མའི་བྱམས་བརྩེ་དང་ལྷག་བསམ།

དུས་ཚོད་ཀྱིས་རྙིང་པ་མེད་ཀྱང་།

ཨ་མའི་ལང་ཚོ་དང་མཛེས་སྡུག།

ཨ་མའི་མི་ཚེ་དང་བདེ་སྐྱིད།

མི་མངོན་པའི་ངང་ནས་དུས་ཚོད་ཀྱིས་

ཁྱུར་མིད་གཏོང་བཞིན་འདུག།

ཟླ་དགུ་ཞག་བཅུར་ཨ་མའི་ཟུངས་

ཁྲག་དང་མཉམ་དུ།

ང་ཚོས་ཨ་མའི་མངལ་ལམ་ནས་

ཚེ་སྲོག་རྙེད།

ཤ་དང་རུས་པའི་ལྷུ་ལག་འཐོར་

བའི་ཟུག་གཟེར་དང་མཉམ་དུ།

ང་ཚོ་ཨ་མའི་ལང་ཚོ་རྒུད་པའི་གོ་

རིམ་ནས་འཇིག་རྟེན་དུ་སླེབས།

ང་ཚོར་གཟུགས་གཞིའི་ཕུང་པོ་

གྲུབ་ཀྱང་།

འགྲོ་འདུག་གི་སྟོབས་ཤུགས་མི་འདུག།

ཁྲག་དང་ཆུ་སེར་གྱིས་སྦགས་

པའི་ཚེ་སྲོག་དེ།

ཨ་མ་ལགས་ཀྱིས་བརྩེ་བའི་སྙིང་

དང་མཛའ་བའི་བུ་རུ་བལྟས་འདུག།

ཨ་མ་ལགས། བྱིས་པ་དམར་འབྱར་

དེའི་ངུ་སྐད་ཐོས་དུས།

ཁྱེད་ཀྱིས་བརྩེ་འཛུམ་གྱི་ཞལ་རས་

ངོམ་ཡོང་།

བྱིས་པ་སྣབས་ལུག་དེའི་འབག་

བཙོག་གི་རྫོབ་ཉམས་མཐོང་དུས།

ཁྱེད་ཀྱིས་མཉེས་གཤིན་གྱི་གཅེས་

སྐྱོང་ངོམ་ཡོང་།

ཨ་མ་ལགས། ཁྱེད་ཉིད་འོ་བརྒྱལ་

བཞེས་སམ།

ཁྱེད་ཉིད་བུ་ཕྲུག་དག་གི་བདེ་

སྡུག་ལ་བསམས་དྲགས་པས།

དཀའ་སྡུག། མིག་ཆུ། འདུ་འབྲལ།

འདི་དག་ནི་ཁྱེད་ཀྱིས་བརྒྱུད་

པའི་བཤུལ་ལམ་རེ་རེར་གྱུར་འདུག།

ཨ་མ་ལགས། ཁྱེད་ཉིད་རྒ་བཞིན་

པའི་སྣང་བརྙན་འདི།

ངས་རང་ཉིད་གཡང་ས་ཆེན་པོ་ཞིག་

ཏུ་ལྷུང་ལ་ཉེ་བའི་འཇིགས་ཉེན་

དང་འདྲ་བར།

ངའི་ཡིད་ཀྱི་མེ་ལོང་ངོས་སུ།

ལྗིད་ཚད་ཆེན་པོ་ཞིག་གི་ཟོལ་

གྱིས་འཕོས་འོངས།

ཨ་མ་ལགས། ང་རང་ཧ་ཅང་སྐྲག།

ནམ་ཞིག་གི་ཚེ། ཁྱེད་ཉིད་ང་

དང་གྱེས་པའམ།

ང་ཁྱེད་དང་བྲལ་བའི་ལོ་ཟླའི་

འཇབ་རྒོལ་འདི་བསླེབ་སྲིད་

པར་བསམ་ཚེ།

ངས་རྟག་པར་རང་སེམས་མི་ནོན་

པར་འགྱུར་འགྲོ།

དང་པོར་ཨ་མའི་མངལ་དུ་

ཞུགས་ནའང་།

དེ་ནས་ཨ་མའི་ནུ་འོ་འཐུང་བ་དང་

དེའི་རྗེས་ནས་ཨ་མའི་ལག་ཟས་ཟོས།

དེ་ནས་ཨ་མའི་སྒོར་མོ་སྤྱད་པ་

དང་དེའི་རྗེས་ནས་ཨ་མ་དང་

ཁྱིམ་གཞི་སོ་སོར་གྱུར།

མིའི་རིགས་ནི། བསམ་བཞིན་དང་

བསམ་བཞིན་མ་ཡིན་པར།

རང་གི་ཨ་མ་དང་ཁ་ཐག་གྱེས་

ཀྱིན་འདུག།

དེ་ལྟར། འགྲོ་བ་མིའི་རིགས་དང་

ཨ་མའི་བར་གྱི་ཁ་ཐག་ནི།

ཧ་ཅང་འཁྱོག་འགྲོས་ལྡན་པ་

ཞིག་དང་།

རྒྱུ་འབྲས་དང་ཤིན་ཏུ་འགལ་

བ་ཞིག་ཀྱང་མ་རེད་དམ།

ངས་དེ་ལྟར་རང་གི་ཨ་མ་དྲན་སྒང་ལ།

འགྲོ་བ་མིའི་རིགས་ཀྱི་ཨ་མ་

ཡོད་ཚད་ཀྱི་ལས་དབང་མཐོང་ཞིང་།

ཨ་མ་ཡོད་ཚད་ཀྱི་བྱམས་བརྩེ་ལ་

གུས་འདུད་ཅིག་ཀྱང་བྱ་ན་འདོད།



  • ལེ་ཚན་སྔོན་མ།:ཁྱོད་གང་དུ་ཡོད། ངས་ཁྱེད་རང་དྲན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།