འཚོ་བའི་འཁྱག་རོམ།

གངས་ཆུ་ཤེལ།        2023-03-31

ཡག་པ་ལོས་ཡིན་མིག་གི་དབང་པོ་བཀུག་སོང་། །

འདང་ཆེན་ལོས་ཡིན་ཚེ་ཡི་དམ་ཚིག་འཕྲོག་སོང་། །

ཡིན་ཡང་ཁ་ཡིག་རི་མོ་སྐོར་ལོག་ཡིན་བྱུང་། །

མི་ཚེ་མ་རྫོགས་སྔོན་ནས་དམྱལ་བར་བརྫངས་སོང་། །

དགའ་བ་ལོས་ཡིན་དྲན་པ་རྟག་ཏུ་བྲུག་སོང་། །

དུང་བ་ལོས་ཡིན་སྙིང་རླུང་ཁྱོད་ལ་ཕྱོགས་སོང་། །

ཡིན་ཡང་ལས་འཕྲོའི་དར་ཤིང་ས་རུ་འགྱེལ་བྱུང་། །

སྡུག་བསྔལ་མེ་ཏོག་ཡ་ཆུང་མཐིལ་ནས་ངུས་བྱུང་། །

འཁྲེང་བ་ལོས་ཡིན་ཡོད་ཚད་ཁྱོད་ཕྱིར་བཏང་སོང་། །

སེམས་པ་ལོས་ཡིན་རེ་སྒུག་ལོ་ལ་བསྙལ་སོང་། །

ཡིན་ཡང་ཕྱི་ཐག་རྨ་ཀླུང་རྒྱང་ལ་འཐེན་བྱུང་། །

ཁེར་ཧྲེང་གདུང་བའི་དུས་ཚོད་ཚེ་ལ་བསྲིངས་བྱུང་། །

ཡིད་འཕྲོག་ལོས་ཡིན་སྙིང་གི་ཕྱེད་ཀ་བརྐུས་སོང་། །

ཡིད་གཅུགས་ལོས་ཡིན་རྨི་ལམ་རབ་ཁར་བཞད་སོང་། །

ཡིན་ཡང་འགྱུར་ལྡོག་སྒྱུ་འཕྲུལ་གཤིས་ལ་འདྲེས་བྱུང་། །

ན་ཟུག་ཚེར་མའི་རྨ་ཁས་རྟག་ཏུ་མནར་བྱུང་། །

བརྩེ་བ་ལོས་ཡིན་མཛའ་བའི་འོ་ཆུ་འདྲེས་སོང་། །

མཐུན་པ་ལོས་ཡིན་ཤ་ཁྲག་གཅིག་ལ་བསྡེབས་སོང་། །

ཡིན་ཡང་དམིགས་འདུན་ལམ་ཁ་གཉིས་སུ་གས་བྱུང་། །

ཚེ་ཡི་སྙིང་པོ་ནམ་མཁའི་པདྨོར་བསྙེགས་བྱུང་། །

ན་ཚོད་སྤང་གི་མེ་ཏོག་མཉམ་དུ་བཞད་སོང་། །

སྣང་བ་འཇའ་ཡི་ཚོན་མདང་སྙིང་ལ་བབས་སོང་། །

ཡིན་ཡང་གཏན་ཚུགས་ཆུ་བོའི་རླབས་ལ་འགྲན་བྱུང་། །

ཁྲེལ་གཞུང་ནད་ལ་སྦྱར་བའི་ནམ་ཟླ་བསུས་བྱུང་། །

ཆུང་འདྲིས་བློ་ལ་སིམ་ནས་འདང་ལ་འདྲེས་སོང་། །

ཁ་ཚིག་སེམས་ལ་བཞུར་ནས་ཡིད་ལ་བརྐོས་སོང་། །

ཡིན་ཡང་འདུ་བྲལ་ཆོས་ཀྱི་སྤྲིན་པ་འཁྲིགས་བྱུང་། །

བདེ་སྐྱིད་ཉི་མ་གཞོན་ནུ་རྒྱང་ལ་དེད་བྱུང་། །

ཐོག་མའི་འཛུམ་ཆུང་སྤྱན་ཟུང་རུམ་ལ་ཚེས་སོང་། །

གཉོམ་ཆུང་སྐད་ཆ་ལུས་སེམས་གཏིང་ལ་འཛུལ་སོང་། །

ཡིན་ཡང་ཨ་གསར་འོ་མ་སྐྱུར་ལ་བབས་བྱུང་། །

འཁོར་བའི་ཨ་ཕོ་འཁྱག་པའི་ཆུ་ལ་གཡེང་བྱུང་། །

  • ལེ་ཚན་སྔོན་མ།:ནང་མ་ཁང་གི་མགྲོན་པོ།
  • ལེ་ཚན་རྗེས་མ།:འཇིགས་སྐྲག།