སེམས་འགྱུ་ངོས་ཀྱི་སྒྱུ་འཕྲུལ།

ཁམས་པ་རབ་དབྱངས།        2023-03-31

སྨུག་སྤྲིན་དུམ་བུ་ལྡིང་བའི་རི་སུལ་ནས། །

ལྷ་མོ་དེ་ནི་ཞི་བའི་ཚལ་དུ་གནས། །

མོས་གུས་ཡིད་ཀྱི་ཟླ་བ་ཚེས་པ་ན། །

སྐྱེ་འཆི་མེ་ལོང་སྒྱུ་མའི་ངོས་སུ་གཡོ། །

ཡིད་ཀྱི་དང་བའི་བཅོས་མིན་རྣམ་འགྱུར་ལ། །

སྙན་ཚིག་དབྱངས་ཀྱི་རིག་བྱེད་ཡང་ཡང་འདར། །

སེམས་འགྱུ་སྣང་བ་ཡོལ་བའི་ཏིང་འཛིན་གྱིས། །

ཟག་མེད་ཐར་བའི་ལས་སར་ཅི་ཡང་འདྲེན། །

རབ་མེད་གཙང་པོ་འདི་ཡིས་མཐའ་ཁ་ནས། །

སྙིང་རྗེའི་མེ་ཏོག་ལན་གཅིག་འཐོར་བ་ན། །

རླུང་གི་རྒྱལ་མཚན་གཡོ་བའི་འདི་ག་ནས། །

སེམས་ཀྱི་ན་བུན་ཁུར་ནས་རྒྱང་དུ་བཞུད། །

རྣམ་རྟོག་བྱེ་མའི་ཐང་ཆེན་འདི་དག་ནས། །

ལས་ཀྱི་བྱམས་དུང་བོར་བའི་ཤུལ་དུ་ན། །

ཚོར་ཤེས་རླུང་གི་དེད་པའི་གྲིབ་སོ་འདི། །

ཉི་ནུབ་བཞིན་དུ་ཚུར་ཚུར་འོང་གི་འདུག །

བརྩེ་བའི་སྤྱན་ཟུང་ཤོར་བའི་ཐང་ཆེན་ནས། །

འཛུམ་པའི་ཟླ་བ་སྙིམ་པའི་ངང་ཚུལ་གྱིས། །

བར་ཐག་ལས་ཀྱི་མེ་ལོང་བྱིལ་བྱིལ་འདི། །

ལྷད་མེད་ཞི་བའི་མདངས་སུ་གཡོ་བར་བྱེད། །

སྣང་བ་མཚོ་ཆེན་ལྡིང་བའི་རི་སྒང་ནས། །

ཟིལ་བས་ཆར་ཆུ་བརླན་པའི་མེ་ཏོག་ལ། །

མྱ་ངན་སྐྱེ་འཆི་མངོན་པའི་གྲུ་ཟུར་ནས། །

ཁྱེད་ལ་ཡིད་སྙིང་ཤོར་བའི་འཕགས་མ་ཀྱེ། །

སྐྱོན་བྲལ་དྲི་ངད་འཐོར་བ་ལན་གཅིག་མིན། །

ཟླ་བའི་འོད་ཟེར་བྱིལ་བྱིལ་བྱེད་པ་ན། །

ང་ཡི་མཐོང་སྣང་བྱིན་པའི་གཟི་བྱིན་ལ། །

ཚེ་རབས་ལས་ཀྱི་མཛའ་བ་རིང་དུ་བཀུར། །

ཡིད་ཀྱི་མཚོ་མོ་མ་སྲུབ་སྙིང་རྗེའི་མ། །

མཐོང་བའི་རབ་གསལ་ངོས་ཀྱི་ཞི་བ་མ། །

གང་གི་འཕྲིན་ལས་མཇལ་བའི་ཞབས་རྡུལ་དུ། །

དགེ་བའི་ཚོཊ་ཀྱི་དཀྱིལ་འཁོར་རིམ་གྱིས་འཐོར། །

བརྩེ་བའི་ཟླ་གཞོན་ཀུན་ཏུ་འཛུམ་པ་ན། །

སྙིང་རྗེའི་པད་མའི་འཁྲི་ཤིང་འཐོར་བའི་རྗེས། །

མཐོང་གྲོལ་འོད་ཟེར་བརྡ་ལ་སྐུལ་བས་ན། །

ལེགས་པར་མཆོག་མ་ཉིད་ལ་སྐྱབས་སུ་བསྙེན། །

སྙིང་རྗེའི་སིལ་མའི་བསིལ་སྒྲིབ་རེ་རེ་ནས། །

བྱམས་པའི་བརྩེ་བའི་འོད་རྡུལ་འཕྲོས་པ་ན། །

ཁྱོད་ཉིད་ཚལ་དུ་བདག་ཡིད་དྲན་པ་གཡོ། །

སྐྱེ་བའི་ཚེ་རབས་ཉིད་ལ་བྱིན་པར་མཛོད། །

རླུང་གིས་འདུ་བྱེད་གཡོ་བའི་སྤྱན་རས་ལ། །

ཚིག་གི་སྤྱན་ཆབ་འདྲེན་པའི་ལེགས་ལྡན་མ། །

ཟོལ་མེད་ཉམས་ཀྱི་འགྱུར་བ་འདི་དག་ལ། །

བདག་ཡིད་པདྨའི་མགྲིན་པ་སྙིང་ལ་ཞུགས། །

  • ལེ་ཚན་སྔོན་མ།:སྙིང་ལགས།
  • ལེ་ཚན་རྗེས་མ།:ནང་མ་ཁང་གི་མགྲོན་པོ།