འཇིགས་སྐྲག།

གཞི་ཚང་ཟླ་བ་གྲགས་པ།        2023-03-31

མི་ཚེ་རི་ངོགས་རྦབ་ཆུ་བཞིན།།

ཡུད་ཙམ་མི་སྡོད་དམའ་སར་བཞུར།།

ཆུ་ལ་བྱིང་པའི་རྡུལ་ཕྲན་ཡང་།།

གཞན་དབང་འབངས་སུ་ཚུད་པ་ཡིས།།

མི་འདོད་གནས་སུ་བགྲོད་པར་བྱེད།།

ས་གནས་རྣམ་སྨིན་རིག་འཛིན་ཀྱེ།།

མི་འཆི་རྟག་པར་འཚོ་བ་ཡི།།

འཕྲུལ་གྱི་མན་ངག་གང་ནས་རྙེད།།

བཙོན་དུ་ལྷག་པ་ཡོད་དོ་ཅོག།

རྣམ་པར་རྟོག་པའི་ཆན་གྲི་ཡིས།།

སྐལ་ལྡན་རྣ་གཤོག་བཅད་ཟིན་ནམ།།

དབེན་པའི་རི་ལ་བཅས་ན་ཡང་།།

དཔྲལ་བར་གཉེར་རིས་དུ་མ་སྤུངས།།

དཀར་པོའི་སོ་ཡང་སེར་བ་ཡིས།།

ནུབ་རིར་ཤོག་ཅེས་གཡབ་དང་མཚུངས།།

ཁ་ལ་ལྟོ་དང་རྒྱབ་ལ་གོས།།

རྐང་ལ་ལྷམ་ཡང་མི་ལྡན་པའི།།

ཅོལ་ཆུང་དཔུང་མེད་བྱིས་པ་གང་།།

བཀྲེས་དང་སྐོམ་པས་མི་གཟིར་བར།།

ལྷགས་པའི་རྒྱ་ལས་ཅི་ལྟར་གྲོལ།།

ཚེར་མའི་ཐང་ཆེན་གང་ལྟར་བརྒལ།།

མེ་ལོང་ནང་གི་བདུད་སྲིན་མས།།

ཞིམ་མངར་རྒུན་ཆང་འདྲེན་པའི་དུས།།

རྣམ་ཤེས་རབ་རིབ་སྦྲིད་ནས་འགྲོ།།

འཁྲུལ་པའི་རྨི་ལམ་མང་པོ་ཡང་།།

ཡང་དག་བདེན་པར་ཞེན་པ་ཡིས།།

སྲིད་པར་བསྐྱར་དུ་གོལ་བར་ངེས།།

འདི་དག་ཁོག་ཏུ་མཆེད་པའི་དུས།།

ལྷིང་འཇགས་ཟེར་བ་ངང་གིས་ཤི།།

སེམས་པ་ཞེད་ཅིང་རབ་ཏུ་འདར།།


  • ལེ་ཚན་སྔོན་མ།:འཚོ་བའི་འཁྱག་རོམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།