གལ་ཏེ་སྐྱེ་བ་ཕྱི་མ་ཡོད་ན།

སན་མོས་བརྩམས།དབྱངས་རྩེན་གྱིས་བསྒྱུར།        2023-04-04

གལ་ཏེ་སྐྱེ་བ་ཕྱི་མ་ཡོད་ན།

ཤིང་སྡོང་ཞིག་ཏུ་འགྱུར་འདོད།

གཏན་དུ་འགྲེང་ཞིང་དགའ་སྐྱོའི་

ཉམས་འགྱུར་མེད།

ཕྱེད་ཀ་ས་འོབས་སུ་ཞི་བར་གནས་ཤིང་།

ཕྱེད་ཀ་རླུང་གསེབ་ཏུ་ལྷབ་ལྷུབ་གཡོ།

ཕྱེད་ཀས་གྲིབ་བསིལ་འགྱེད་ལ།

ཕྱེད་ཀས་ཉི་འོད་ལོངས་སུ་སྤྱོད།

ཧ་ཅང་ཁུ་སུམ་ཞིང་ཤིན་ཏུ་གཟི་བརྗིད་ལྡན།

རྟག་ཏུ་བརྟེན་མི་དགོས་ཤིང་

འཚོལ་སྙེག་ཀྱང་མི་བྱ།

གལ་ཏེ་སྐྱེ་བ་ཕྱི་མ་ཡོད་ན།

རླུང་ཞིག་ཏུ་སྤྲུལ་འདོད།

སྐད་ཅིག་ཡིན་ཡང་རྟག་བརྟན་དུ་འགྱུར་ངེས།

བྱམས་བརྩེ་ཡི་སེམས་བསྐྱེད་དབེན།

བརྩེ་བས་ཁེངས་པའི་མིག་དབང་བྲལ།

ཆ་ཕྱེད་ཆར་བའི་ཁྲོད་དུ་ཟད་ཅིང་།

ཆ་ཕྱེད་དཔྱིད་ཟེར་ཀློང་དུ་རྒྱུ།

ཁེར་རྐྱང་སྐབས་གཅིག་པུར་རྒྱང་དུ་བཞུད།

དྲན་པ་ཐན་ཐུན་ཡང་ལྷན་ཅིག་ཁྲིད་དེ་

ནམ་ཡང་མི་དྲན་ལ་རྟག་ཏུ་མི་འཁྲེང་བར་བྱ།

གལ་ཏེ་སྐྱེ་བ་ཕྱི་མ་ཡོད་ན།

བྱ་ཞིག་ཡིན་ན་བསམ།

རྟག་བརྟན་བརྒལ་བས་འཕུར་ལམ་ནོར་བ་ཡི་

སེམས་ཁྲལ་མེད།

ཤར་ཕྱོགས་སུ་འོད་འབར་བའི་རེ་བ་མཆིས།

ལྷོ་མཚམས་སུ་དྲོད་ཁོལ་གྱི་གནས་ཚང་ཡོད།

ནུབ་ཏུ་ཉིན་བྱེད་ཀྱི་སྣང་བ་རིམ་གྱིས་

ཡལ་བར་བཏང་ལ།

བྱང་དུ་སྐྱེད་ཚལ་གྱི་དྲི་བསུང་ལྡང་བར་སློང་།

གལ་ཏེ་སྐྱེ་བ་ཕྱི་མ་ཡོད་ན།

ཐུག་འཕྲད་ཐེངས་རེ་རེ།

རྟག་བརྟན་དུ་འགྱུར་བར་ཤོག



  • ལེ་ཚན་སྔོན་མ།:རིག་བྱེད་ཀྱི་མགུལ་རྒྱན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།