དྲི་བྲལ་པདྨ་རྒྱས་པའི་སྙན་ཚིག།

སད་མ།        2023-04-03

༡.སྔོན་ནས་དད་པའི་ཀུན་དཱ་མ་ཟུམ་པའི། །

ཀརྨ་ལུང་རྟོགས་ཕྲིན་ལས་ཀུན་ཁྱབ་ཀྱི། །

ཡང་སྤྲུལ་ཟླ་བ་གཞོན་ནུའི་ཁ་སྒོ་ལས། །

བྱུང་བའི་མཁས་གྲུབ་ཡོན་ཏན་མཐའ་ཡས་ཀྱང་། །

༢.རང་བློས་ཅུང་ཟད་དཔོག་པའི་མུ་ཏིག་འདི། །

སྙན་པའི་ངག་གི་སྐུད་པར་ཉེར་བརྒྱུས་ནས། །

ཚིག་རྒྱན་སྦྱོར་བར་མཁས་པའི་མདུན་ས་རུ། །

མགྲིན་པའི་རྒྱན་དུ་བཏགས་ན་མཛེས་པར་སྙམ། །

༣.ཁྱོད་ཞབས་ཟླ་བ་གཉིས་པའི་མེ་ལོང་ཆེ། །

གཙུག་ཏུ་བཀུར་བའི་ས་གསུམ་སྐྱེ་བོའི་ཚོགས། །

རེ་ཞིག་ཞི་བར་གནས་པའི་ངང་ཚུལ་གྱིས། །

མོས་གུས་རྒྱ་མཚོ་འཕྱུར་འདི་ཅིས་མི་མཚར། །

༤.མཐའ་བྲལ་གཞུང་བཟང་འཆི་མེད་ལམ་ཡངས་པོར། །

ཤེས་བྱའི་རྒྱུ་སྐར་གྲངས་ཀྱང་བརྩི་བ་པོ། །

བློ་གྲོས་གཤོག་ཟུང་རྒྱས་པའི་ལང་ཚོ་འདིས། །

རྒུད་པའི་རྩ་བ་རྣམས་ཀྱང་དྲུང་ནས་ཕྱུང་། །

༥.རང་བྱུང་རིག་པའི་རྡོ་རྗེའི་ཐུགས་ཀྱི་ཟླས། །

ཤིན་ཏུ་གསལ་བའི་འོད་ཀྱིས་ཉེར་མཛེས་པའི། །

ཕྱོགས་ཀུན་མགྲིན་པ་ལ་ནི་མུ་ཏིག་གི །

ཕྲེང་བས་མཛེས་པ་ཇི་བཞིན་དཔལ་གྱིས་བསྒྲུབས། །

༦.གང་ཁྱོད་མཁས་པའི་གྲགས་དཀར་རྔ་གསང་སྒྲས། །

ལས་ཅན་མདོངས་མཐའ་ཚོགས་ལ་ཀུན་དགའ་བའི། །

མཚར་སྡུག་སྒྲོ་གུར་ཕུབ་པའི་ཟློས་གར་གྱིས། །

ཀུན་ནས་མཛེས་པའི་དྲ་བ་ཡིད་དུ་འོང་། །

༧.སྨྲ་བའི་སྒོ་བརྒྱ་འབྱེད་པའི་མཚན་གྱི་རྔ། །

ཕྱི་ནང་རིགས་པའི་མཐའ་ལ་བརྡུངས་བའི་མོད། །

གསང་གསུམ་ངག་གི་རྩལ་ལ་ལོངས་སྤྱད་དེ། །

འཆད་པའི་བརྟུལ་ཞུགས་འཛིན་རྣམས་རབ་ཏུ་སྐྱེངས། །

༨.ཚིག་རྒྱན་འོ་མ་མངར་པོའི་ཉིང་ཁུ་ཡིས། །

ཡུན་རིང་བསྙལ་བའི་ངག་གི་ཞོ་གསར་གྱིས། །

གངས་རིའི་སྙན་ངག་སྨྲ་ལ་ཟླ་བྲལ་བའི། །

སྒྱུ་རྩལ་སོར་མོའི་འདུ་བྱེད་གཡུང་དུ་ཕབས། །

༩.དེང་དུས་ར་གན་གསེར་དུ་བསྒྲུབ་པའི་ནོར། །

ཡི་རང་དང་བཅས་ཟོལ་གྱིས་སྒྲིབ་པ་པོ། །

འཁྲུལ་བའི་བློ་ཅན་ཕལ་བའི་ཚོང་འདུས་ན། །

མང་དུ་ཐོས་པ་ཁྱེད་འདྲ་དམིགས་སུ་མེད། །

༡༠.འཆད་རྩོད་རྩོམ་པའི་ཐབས་ཤེས་ཟུང་འཇུག་ལམ། །

ཡ་མ་བྲལ་བའི་དཔལ་ལ་ལོངས་སྤྱོད་ཚེ། །

ཕྱོགས་གླང་རིགས་པའི་ཚུལ་འདི་ཅུང་ཕྲ་ཞིང་། །

དཎྜིའི་དྲི་ཟའི་དབྱངས་བདུན་ཟིལ་གྱིས་མནོན། །

༡༡.ལུང་རྟོགས་རྨ་འབྲི་གཙང་པོ་ངོམས་མེད་དུ། །

ཧུབ་ཀྱིས་བཞེས་ལ་དཀའ་ཚེགས་གཞོན་ནུ་མའི། །

ཕྲ་གྱུར་སྐེད་པ་བཞིན་དུ་མཁས་པའི་མཚོར། །

གཅིག་ཏུ་འདྲེས་པའི་རླབས་ལ་ཅི་ཡང་སྤ། །

༡༢.ཤར་ནུབ་རིགས་པས་སྐོར་ལ་ཉི་ཟླའི་འགྲོས། །

ཤེས་བརྩོན་རླུང་གིས་རབ་ཏུ་འདེད་པ་ལས། །

སྙན་པས་ཁྱབ་པའི་ཧ་ཝར་སློབ་ཆེན་ནས། །

མཐར་ཕྱིན་དགེ་ལེགས་དང་པོས་ཤིས་པ་བསྒྲུབས། །

༡༣.མངལ་གྱི་དྲི་མས་མ་གོས་རང་ལུས་ཀྱི། །

ཕྱི་ནང་ཤེལ་བཞིན་གསལ་ལ་མངོན་སྒེག་པའི། །

ལང་ཚོས་དམ་པ་དུ་མའི་ཐུགས་ཡིད་ཀྱང་། །

འཕྲོག་པའི་སྐལ་བ་འདི་ཡང་ཨེ་མ་ཧོ། །

༡༤.སྐད་རིགས་སྣ་ཚོགས་བརྗོད་པའི་གཏམ་གྱི་སྦྱོར། །

སྒྱུ་རྩལ་དཔལ་གྱིས་འཛིན་པའི་མགྲིན་པའི་དབྱངས། །

མཐའ་བྲལ་ཕྱོགས་ཀྱི་བུ་མོའི་རྣ་བ་རུ། །

ལྷུང་ལྷུང་ཕབ་པའི་ལེགས་བཤད་ལྗགས་ལ་འཛིན། །

༡༥.དྲི་བཞོན་རླུང་གིས་བདས་པའི་ཚུལ་ཁྲིམས་ཀྱི། །

ངད་པ་ཕྱོགས་སུ་ཁྱབ་པའི་དགེ་ལེགས་ཀྱིས། །

ཐོས་ནས་ཏིང་འཛིན་སྒོམ་བཞིན་བས་མཐའ་རུ། །

རི་དྭགས་ལྟར་དུ་གནས་ཏེ་གློད་ཅིང་རོལ། །

༡༦.དཀའ་ཐུབ་བགྲང་ཕྲེང་སྤྱོད་ལ་མི་དལ་ཞིང་། །

རྒྱལ་བ་དགྱེས་པའི་སྤྱོད་པ་མ་འཁྲུགས་པའི། །

ཚུལ་གནས་ཐོས་བསམ་སྤྱད་ཅིང་མནལ་བ་པོ། །

ཐར་བ་འདོད་པའི་སྤྱོད་བཟང་ཀུན་ནས་དར། །

༡༧.ཡིད་བྱེད་ཀུན་བྲལ་ཐུགས་རྗེའི་ཆུ་གཏེར་གྱི། །

ལང་ཚོའི་འཇོ་སྒེག་མངོན་པས་མཛེས་བྱེད་པའི། །

གུ་ཡངས་གློ་བར་བདེ་བའི་དབེན་པ་རུ། །

འཛད་མེད་ཆོས་ཀྱི་ཕྲིན་ལས་ལྷམ་མེར་ཁྱབ། །

༡༨ དེ་ཚེ་ཁྱོད་ཀྱི་ལྷག་བསམ་རྔ་ཡབ་ཀྱིས། །

བསིལ་བའི་ལྗོན་ཤིང་སྒུལ་བའི་རྫིང་རིང་ངོགས། །

དྲི་ལྡན་མེ་ཏོག་བརྩེ་བས་བོས་པ་ཡི། །

རྐང་དྲུག་ཚོགས་ཀྱིས་གུས་པ་རིང་ནས་ཐོས། །

༡༩.དེ་ལྟར་བསྔགས་འོས་རྒྱ་མཚོའི་ནོར་བུ་ལས། །

འགོངས་པའི་བསོད་ནམས་པིར་གྱིས་བཀོད་པ་ནི། །

ཕུན་ཚོགས་བཟང་པོ་སྤྱོད་པའི་ལྟེ་བ་རུ། །

མཚར་སྡུག་དཀྱིལ་འཁོར་ཡངས་པོར་བག་ཡོད་བྱིན། །

༢༠.ངུར་སྨྲིག་བླ་གོས་གསར་པའི་དཔལ་འཛིན་ཞིང་། །

སྡོམ་བརྩོན་དམ་པའི་རྣམ་ཐར་དཔག་དཀའ་བ། །

བཀའ་བརྒྱུད་བསྟན་པའི་རིང་ལུགས་སྐྱོང་བ་པོ། །

མི་གཡོ་རང་ཚུགས་བརྟན་ལ་སྐྱེད་ཅིང་བསྲིངས། །

༢༡.གང་ཁྱེད་ངོ་མཚར་མཚན་དཔེས་སྤྲས་པའི་སྐུ། །

མ་འགག་འགྲོ་ལ་བྱམས་པའི་བརྩེ་བའི་གསུང་། །

སྲིད་ཞིའི་ཆོས་རྣམས་གནས་ལུགས་མཁྱེན་པའི་ཐུགས། །

རྟག་ཏུ་བརྟན་པའི་སྨོན་པ་འདི་ནས་འབོད། །

༢༢དེ་ལྟར་མཁས་གྲུབ་དུ་མ་སྟི་བའི་གནས། །

ཟེ་ཆེན་ལེགས་བཤད་ཉི་ཟླའི་དགའ་ཚལ་དུ། །

ཚིག་སྙན་བརྗོད་བྱར་ཕབ་པའི་མེ་ཏོག་ལ། །

ན་ཆུང་བུང་བའི་སེན་རྗེན་དེ་ལྟ་འོ། །



  • ལེ་ཚན་སྔོན་མ།:ཟླ་འོད་འོག་གི་སེམས་པ།
  • ལེ་ཚན་རྗེས་མ།:རིག་བྱེད་ཀྱི་མགུལ་རྒྱན།