ཧན་ཀྲེང་གིས་ཀྲུང་གོའི་གོང་འཕེལ་མཐོ་རིམ་གླེང་སྟེགས་ཀྱི་2023ལོའི་ལོ་ཚོགས་ལ་ཞུགས་པར་ཕེབས་པའི་རྒྱལ་ཁོངས་བརྒལ་བའི་ཀུང་སིའི་འགན་ཁུར་བ་དང་ཐུག་འཕྲད་གནང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-03-31

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་སྤྱི་ཟླ་3ཚེས་27དང་29ཉིན་པེ་ཅིང་དུ་ཁག་སོ་སོར་ཀྲུང་གོའི་གོང་འཕེལ་མཐོ་རིམ་གླེང་སྟེགས་ཀྱི་2023ལོའི་ལོ་ཚོགས་ལ་ཞུགས་པར་ཕེབས་པའི་ཧུའེ་ཧྥེང་ཚོགས་པའི་སྲིད་འཛིན་སྤྱི་འདོམས་ཆི་ཡའོ་ཉན་དང་། ཐའེ་ཀུའུ་ཚོགས་པའི་སྲིད་འཛིན་སྤྱི་འདོམས་ཧྲེ་མིང་ལུན། ཡ་ཕའེ་ཀུང་སིའི་ལས་འཛིན་དཔོན་ལུའོ་ཧྥུའུ་ཏེ། ཨན་ལན་ཚོགས་པའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་པའེ་ཐེ། ཧྲེ་ནའེ་ཏེ་གློག་རླངས་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲའོ་གོ་ཧྭ་བཅས་དང་ཐུག་འཕྲད་གནང་བ་རེད།

ཧན་ཀྲེང་གིས། རྒྱལ་ཁོངས་བརྒལ་བའི་ཀུང་སིས་ལོ་མང་རིང་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཞིང་། དེ་དག་ནི་ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེའི་མྱོང་བརྒྱུད་པ་དང་ཐེ་ཞུགས་པ་ཡིན་ལ། རང་ངོས་ལའང་གོང་འཕེལ་ཆེན་པོ་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོས་སྒོ་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་བཞིན་ཡོད། ད་ལོ་ནི་ཀྲུང་གོར་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་45འཁོར་བའི་ལོ་ཡིན་ཞིང་། ལག་ལེན་ལས་བསྒྱུར་བཅོས་སྒོ་དབྱེས་ཀྲུང་གོའི་གོང་འཕེལ་ལ་སྐུལ་མ་ཆེན་པོ་ཐེབས་པ་ར་སྤྲོད་ཡག་པོ་ཐུབ་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་སོང་ཡང་། ཀྲུང་གོའི་སྒོ་དབྱེའི་རྒྱལ་སྒོ་ཇེ་ཆེར་འབྱེད་སྲིད། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོའི་འབྱུང་འགྱུར་དུས་མཚམས་ཤིག་རིང་གི་གོང་འཕེལ་ལ་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད་ཅིང་། ཀྲུང་གོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་འདིའི་ཁྲོད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱེད་པ། འཛམ་གླིང་གི་ཐོན་ལས་ལས་བགོས་དང་མཉམ་ལས་ནང་ཐེ་ཞུགས་གཏིང་ཟབ་བྱེད་པ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་རྩེར་སོན་ཚོང་གཉེར་ཁོར་ཡུག་གཏོད་དེ། རྒྱལ་ཁབ་ཁག་གི་ཁེ་ལས་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་དགོས་ཞེས་གསུངས་ཡོད།

ཧན་ཀྲེང་གིས། སྤུས་ཚད་མཐོ་བའི་གོང་འཕེལ་ནི་ཀྲུང་གོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དེ་ཡིན་པ་དང་། ཀྲུང་གོའི་སྤུས་ཚད་མཐོ་བའི་གོང་འཕེལ་ནི་རྒྱལ་སྤྱིའི་མཉམ་ལས་དང་ཁ་བྲལ་ཐབས་མེད་ལ། རྒྱལ་ཁོངས་བརྒལ་བའི་ཀུང་སི་ཚུད་པའི་རིགས་ཁག་གི་ཁྲོམ་རའི་བྱེད་པོ་ནང་ཞུགས་བྱས་པ་དང་ཁ་བྲལ་ཐབས་མེད། མིག་སྔར་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་། ཀྲུང་ཕྱིའི་ཁེ་ལས་ལས་རིགས་བར་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ད་ལོ་ནས་བཟུང་། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་བྱུང་བ་དང་། སྤྱི་ཟླ་1ནས་2པའི་བར་དངོས་སུ་ཕྱི་དངུལ་སྤྱོད་ཚད་ཨ་སྒོར་དུང་ཕྱུར་400ཟིན་ཏེ་མུ་མཐུད་གོང་འཕེལ་འགྲོ་བའི་རྣམ་པ་ཐོན་ཡོད། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོ་ལེགས་པར་ཕྱོགས་པའི་གཞི་རྩའི་རྣམ་པར་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། ང་ཚོས་ད་ལོ་བརྒྱ་ཆ་5གཡས་གཡོན་གྱི་དཔལ་འབྱོར་སྔོན་དཔག་དམིགས་འབེན་མངོན་འགྱུར་ཐུབ་རྒྱུར་ཡིད་ཆེས་ཆེན་པོ་ཡོད། རེ་བར་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་པའི་སེམས་ཤུགས་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ཁྲོམ་རར་གཞི་རྐང་ཚུགས་པ། ཀྲུང་གོའི་གོང་འཕེལ་གསར་པས་གཏོད་པའི་གོ་སྐབས་གསར་པ་མཉམ་སྤྱོད་བཅས་བྱ་དགོས་ཞེས་གསུངས་ཡོད།

ཆི་ཡའོ་ཉན་སོགས་ཀྱིས། ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། ཉེ་བའི་ལོའི་རིང་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་དེ་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དཔལ་འབྱོར་གྱི་བརྟན་རྡོ་ལྟ་བུར་གྱུར་ཡོད། རྒྱལ་ཁོངས་བརྒལ་བའི་ཀུང་སི་མང་པོར་ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེའི་ཕན་ཁེ་ཐོབ་པ་མ་ཟད་ལེགས་གྲུབ་གོང་འཕེལ་ཡང་བྱུང་ཡོད། ཀྲུང་གོའི་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་སྒྲིག་གཞི་དང་སྒྲིག་སྲོལ་ལ་བསྒྱུར་བཅོས་བཏང་ནས། ཚོང་གཉེར་ཁོར་ཡུག་ལེགས་བཅོས་དང་ཕྱི་ཚོང་མ་འཇོག་མི་སྣའི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུར་མཐོང་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་དཔལ་འབྱོར་འཕར་སྣོན་གྱི་མི་མངོན་པའི་སྟོབས་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས། དེ་བཞིན་མ་འཇོག་གོ་སྐབས་བཅས་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ལ། འབྱུང་འགྱུར་ཀྲུང་གོར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད་མཉམ་རྒྱལ་གོང་འཕེལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་མུའུ་ཧན་མོ་ཏེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།