སྟོབས་ཤུགས་གཅིག་བསྒྲིལ་གྱིས་རི་སྔོ་ཆུ་དྭངས་སྲུང་ཞིང་སྐྱོང་།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2023-04-03

རང་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་།

རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི15.3ལ་ཟིན་པའི་ཡུལ་གྲུ་འདིར་ནམ་མཁའ་སྔོ་ལ་རི་ཀླུང་གི་བཀོད་པ་ལྷག་པར་མཛེས། དྭངས་གཙང་གི་ཆུ་བོའི་བཞུར་རྒྱུན་རིང་ཞིང་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཕུན་སུམ་ཚོགས། ཡུལ་འདི་ནི་གནས་མཆོག་དཀར་མཛེས་ཁུལ་རེད།

རི་ཀླུང་མཛེས་སྡུག་ལྡན་པར་བདག་སྐྱོང་ཞིབ་ཚགས་བྱ་དགོས། ལོ་ལྟར་མེ་ཟོན་དུས་རིང་དུ། རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་གཙིགས་སུ་བཟུང་ནས་རྩ་བ་དམ་སྲུང་དང་། རྐྱེན་ངན་གཙང་སེལ། འགན་འཁྲི་གསལ་འཁུར། དོན་རྐྱེན་ཁ་གསལ། ཁྲིམས་ནན་པོ། ཁྱོན་ཡོངས་ནས་ཞན་ཆ་གསབ་པ་བཅས་རྒྱུན་བསྐྱངས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཕྱོགས་བསྡུས་འགོག་ཟོན་ནུས་པ་དང་མེ་གསོད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་ནུས་ལྡན་བྱས་པ་རེད།

སྟོབས་ཤུགས་གཅིག་བསྒྲིལ་གྱིས་རི་སྔོ་ཆུ་དྭངས་སྲུང་ཞིང་སྐྱོང་།
མེ་ཟོན་རྩལ་ནུས་འགྲན་བསྡུར་བྱེད་བཞིན་པའི་ཚུལ།

འགོག་ཟོན་གནད་ལ་སྨིན་པས་མེ་ཟོན་སྲུང་ཡོལ་བརྟན་པོ་བསྐྲུན།

མེ་ཟོན་ལ་སྣང་མེད་བྱེད་མི་རུང་། རི་སྲུང་བ་དང་མི་གཅུན་པ། མེ་དོ་དམ་བྱ་རྒྱུ་བཅས་ནི་ལས་དོན་ཞིབ་ཚགས་དང་གནད་འཁེལ་ཡིན་པ་དང་འབྲལ་ཐབས་མེད། ད་ལོའི་མེ་ཟོན་དུས་མཚམས་ནས་བཟུང་། རང་ཁུལ་གྱིས་ས་ཁུལ་དང་རིམ་པ་བགོས་པའི་འགོག་ཟོན་གནད་སྨིན་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ར་བ་སྔར་བས་བརྟན་དུ་བཏང་ཡོད།

སྤྱི་ཟླ3པའི་ཚེས27ཉིན་ནས་བཟུང་། རང་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་གྱི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་དང་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་མེ་ཉེན་ཆེ་བའི་རྫོང(གྲོང་ཁྱེར)12ཀྱི“3.20”ཉེན་བརྡ་ཉིན་མོ་དང་དུར་མཆོད་ཉིན་མོ། དབྱར་རྩྭ་དགུན་འབུ་རྐོ་རིང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་སྤེལ་ཚུལ་ལ་ཉན་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་སླར་ཡང་བཀོད་སྒྲིག་དང་སྐུལ་འདེད། དོན་འཁྱོལ་ཡོང་བ་བྱས་པ་རེད།

འགོག་ཟོན་གནད་སྨིན་བྱེད་པར་བཀོད་སྒྲིག་ཞིབ་ཚགས་བྱ་དགོས། བརྙན་ལམ་བཀོད་གཏོང་ཚོགས་འདུ་དང་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དེས་ཁ་ཕྱོགས་གསལ་སྟོན་བྱས་པར་མ་ཟད་གདེང་ཚོད་ཡང་ཇེ་ཆེར་སོང་། དེ་ནི་རང་ཁུལ་གྱི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་ལས་དོན་ཡག་པོ་སྒྲུབ་པའི་བསྡུས་རིས་ཤིག་རེད། འདི་ལོ་ནས་བཟུང་། རང་ཁུལ་གྱིས་དུས་རྒྱུན་གྲ་སྒྲིག་ལྷོད་མེད་དང་འགན་འཁྲིའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་ཞིང་ཉེན་མེད་ཨང་དང་པོར་འཇོག་པའི་འཕེལ་རྒྱས་འདུ་ཤེས་ལ་བརྟེན་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་ཐོན་པ་བྱས་ཡོད། མིག་སྔའི་བར་རང་ཁུལ་གྱིས་མེ་ཉེན་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་སྙན་ཞུ190ལྷག་ཙམ་བསྒྲགས་པ་དང་། མེ་ཟོན་ས་ཚུགས1211ལ་འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱ་རྒྱུར་མུ་མཐུད་དེ་ཤུགས་བརྒྱབ་པ་རེད།

ཞིབ་ཚགས་བྱས་ན་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་མི་འབྱུང་བར་བྱ་དགོས་ཞེས་བརྒྱད་ཟིལ་རྫོང་ཝན་པ་གྲོང་རྡལ་གྱི་ནགས་སྲུང་བ་ཝུའུ་ཉི་ཅ་ཅ་ཡིས་སྐོར་གཡེང་བྱེད་ཐེངས་རེར་རང་ཉིད་ལ་དྲན་སྐུལ་ཡང་ཡང་བྱས། ཁོས་ནགས་ཚལ་ནི་མེས་པོས་བཞག་པའི་རྒྱུ་ནོར་ཡིན་པས་རང་ཉིད་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་འོས་འགན་ཡོད་པར་འདོད།

གསར་འགོད་པས་ཝན་པ་གྲོང་རྡལ་སྲིད་གཞུང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ནགས་སྲུང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ནི་གྲོང་རྡལ་དེའི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ཕན་འབྲས་ཐོན་པའི་ཡོན་ཏན་ཆེན་པོ་ཞིག་རེད། འདི་ལོ་ནས་བཟུང་། གྲོང་རྡལ་ཡོངས་ཀྱིས་མེ་ཁུངས་དོ་དམ་ཚོད་འཛིན་ནན་པོ་བྱས་ཏེ་འབྱུང་རྩ་ནས་ནགས་ཚལ་མེ་སྐྱོན་ཐོན་རྒྱུ་བཀག་པ་དང་། རི་ལ་སྐྱོད་མཁན་དང་ཐ་མག་འཐེན་མཁན། མི་སྣ་རིགས་ལྔ་བཅས་ཐམས་ཅད་ཐོ་འགོད་བྱས་ཡོད་པ་རེད།

ཝན་པ་གྲོང་རྡལ་གྱི་བྱེད་ཐབས་ཁྱད་ཆོས་ལྡན་པ་ནི་རང་ཁུལ་གྱིས་འགོག་ཟོན་གནད་སྨིན་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཡག་པོ་སྒྲུབ་པའི་གཙོ་གནད་ཅིག་རེད། རང་ཁུལ་ནི་ས་རྒྱ་ཆེ་བ་དང་ཕྱི་ཡོང་མི་སྣ་འགྲོ་སྐྱོད་མང་བ། གནམ་གཤིས་འགྱུར་ལྡོག་ཆེ་བ། ཕྱི་རོལ་གྱི་མེ་ཁུངས་དོ་དམ་དང་ཚོད་འཛིན་གྱི་གནས་ཚུལ་རྙོག་འཛིང་ཆེ་བ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གནས་བབ་ཛ་དྲག་ཡིན་པ་རེད།

ཇི་ལྟར་བྱས་ནས་དཀའ་ངལ་ལ་མ་འཛེམ་པར་རི་ཀླུང་བདག་སྐྱོང་བྱ་དགོས། གནད་དོན་འདིའི་ཐད་ལ་འགོག་ཟོན་གནད་སྨིན་གྱི་གལ་ཆེའི་རང་བཞིན་སླར་ཡང་མངོན་ཐུབ། དེར་བརྟེན་རང་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་བྱ་ཐབས་དངོས་བཏོན་པ་སྟེ། ནགས(རྩྭ)སྲུང་བ20378དང་སྐོར་གཡེང་བ7234ཡིས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། བསང་གཏོང་ས3783དང་དུར་ཁྲོད51372དང་། མི་སྣ་རིགས་ལྔ3827བཅས་ཀྱི་དོ་དམ་སྲུང་སྐྱོང་འགན་འཁྲི་དོན་འཁྱོལ་བྱས་པ་དང་། ཐོན་སྐྱེད་དང་འཚོ་བ། དམངས་སྲོལ་སོགས་ཕྱི་རོལ་གྱི་མེ་སྤྱོད་ཞིབ་མཆན་དང་ལྟ་སྐུལ་དོ་དམ་ནན་དུ་གཏོང་བ། དམངས་ཡོངས་ཞུགས་པ་དང་མཉམ་འཛིན་སྤྱི་སྒྲུབ་ཀྱི་རང་རྟོགས་རང་བཞིན་མུ་མཐུད་དེ་ཆེ་རུ་བཏང་བ་རེད།

ཇུས་འདོན་གནད་སྨིན་གྱི་དཀའ་གནད་བསལ་ནས་ཚན་རིག་དང་མཐུན་པའི་གྲུབ་འབྲས་བཟང་པོར་ཁ་གཏད་གཅོག་དགོས། འགོག་ཟོན་གནད་སྨིན་དོན་ཐོག་ཏུ་འཁྱོལ་བ་དང་ཆབས་ཅིག་རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན།འདི་ལོའི་མེ་ཟོན་དུས་སྐབས་ཚུན་དུ་རང་ཁུལ་གྱིས་རིམ་རྩིས་བྱས་ན་མེ་ཁུངས2950བསྡུས་པ་དང་། ཕྱི་རོལ་དུ་མེ་སྤྱོད་ཞིབ་མཆན་དོན་ཚན1750ལྷག་བསྒྲུབས་ནས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཁག་ལ་སྐུལ་འདེད་ལེགས་པོ་བཏང་བ་རེད།

སྟོབས་ཤུགས་གཅིག་བསྒྲིལ་གྱིས་རི་སྔོ་ཆུ་དྭངས་སྲུང་ཞིང་སྐྱོང་།
མི་མེད་གནམ་གྲུས་སྐོར་ཞིབ་བྱེད་བཞིན་པའི་ཚུལ།

རྨང་གཞིའི་འགན་སྲུང་ལ་ཤུགས་བརྒྱབ་ནས་མེ་ཟོན་འཇོན་ནུས་ཆེ་རུ་བཏང་།

ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་བདེ་བླག་ངང་སྤེལ་བར་ཕྱོགས་མང་པོའི་ཐད་ནས་ཤུགས་བརྒྱག་དགོས། དེར་བརྟེན། རང་ཁུལ་གྱིས་འགོག་ཟོན་གནད་སྨིན་ཡག་པོ་བྱེད་པ་དང་ཆབས་ཅིག་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་སྐྲུན་པ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་འགག་རྩའི་དུས་སུ་བེད་སྤྱོད་ཐུབ་རྒྱུའི་འགན་ལེན་བྱས་ཡོད།

ད་ལོ་ནས་བཟུང་། རང་ཁུལ་གྱིས་ཤུགས་ཡོད་རྒུས《དཀར་མཛེས་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འཆར་འགོད།》དང《དཀར་མཛེས་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཨང་ཀིའི་ནགས་ཚལ་དང་རྩྭ་ཐང་འཛུགས་སྐྲུན་འཆར་འགོད》སོགས་ལག་ལེན་བསྟར་ནས། ཨང་ཀིའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་དང་བཀོད་འདོམས་མ་ལག་གང་མགྱོགས་བཙུགས་ནས་མེ་ཟོན་འགྲོ་ལམ་དང་།གནམ་གྲུ་འཇོག་ས།བར་བཅད་ཁུལ།ཐོག་འགོག་ལྕགས་རྟེན།ཆུ་གསོག་ས།ཆུ་ལེན་ས་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ནས་ཆེད་ལས་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་ཡག་པོ་བྱས་ཏེ་ཡུལ་ཤོག་ཚང་མར་མེ་ཟོན་རླངས་འཁོར་དང་གྲོང་སྡེ་ཚང་མར་ཆུ་འཐེན་འཕྲུལ་འཁོར་ཡོད་པའི་ཆུས་མེ་གསོད་པའི་མ་ལག་གང་མགྱོགས་བསྐྲུན་ཡོད།

སྤྱི་ཟླ3པ་ནས་བཟུང་དཀར་མཛེས་ས་གནས་ཁག་གི་གནམ་གཤིས་དྲོ་རུ་ཕྱིན་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་ཀ་སྤེལ་བའི་འགག་རྩའི་དུས་སུ་སླེབས་ཡོད། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཉེན་མེད་ལ་འགན་ལེན་བྱ་ཆེད།སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་མཁའ་དབྱིངས་ལྟ་ཞིབ་པའི་གསོ་སྦྱོང་སྐབས་དང་པོ་དང་། ཐད་འཕུར་གནམ་གྲུ་དང་མེ་གསོད་པ་མཉམ་འདྲེས་སྦྱོང་བརྡར་དར་མདོར་སྤེལ་ནས་རང་ཁུལ་གྱིས་གནམ་ས་གཞི་གཅིག་ཅན་གྱི་ལངས་གཟུགས་འགོག་ཟོན་དྲ་བར་རྨང་གཞི་བརྟན་པོ་བཏིང་ཡོད།

སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམག་འཐབ་སྦྱོང་བརྡར་ཁྲུའུ་ཡི་ཆེད་ལས་ལག་རྩལ་ལས་བྱེད་པ་ལི་མིང་གིས་ཐད་འཕུར་གནམ་གྲུར་བརྟེན་ནས་མཁའ་དབྱིངས་སུ་སྐོར་གཡེང་བྱེད་པའི་ཁྱབ་ཁོངས་དེ་བས་ཆེ་བ་དང་།སྐོར་གཟིགས་ཀྱི་ལས་ཕྱོད་དེ་བས་མཐོ་བའི་ཁྱད་ཆོས་ལྡན་པས་རང་ཁུལ་གྱིས་རྒྱུན་རྣམ་ཅན་གྱི་ནགས་ཚལ་མེ་ཟོན་བྱེད་དུས་ཐད་འཕུར་གནམ་གྲུས་མཁའ་དབྱིངས་སུ་སྐོར་ཞིབ་བྱེད་ཆོག་གི་ཡོད་ཅེས་བཤད།

ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྒྲིག་ཆས་ལེགས་སུ་གཏང་ཆེད།རོང་བྲག་རྫོང་གིས་མེ་གསོད་འཕྲུལ་ཆས་ལ་ཞིབ་བཤེར་བཟོ་བཅོས་དང་ཉམས་གསོ་ཡག་པོ་བྱས་ཡོད། ཞིབ་བཤེར་བཟོ་བཅོས་འཛིན་གྲྭས་ཡུལ་ཤོག(གྲོང་རྡལ)ཁག་དང་གྲོང་སྡེ་ཁག་གིས་མེ་གསོད་འཚུབ་བསྟུན་སྒྲིག་ཆས་ལ་ཞིབ་བཤེར་བཟོ་བཅོས་དང་།སྲུང་སྐྱོང་།བེད་སྤྱོད་བྱས་ཚུལ་ལ་བལྟས་རྗེས་ཡུལ་གྲོང་དང་གྲོང་སྡེ་ཁག་གཅིག་ཏུ་མེ་གསོད་འཕྲུལ་ཆས་བེད་སྤྱོད་ཡག་པོ་དང་ཉམས་གསོ་ཡག་པོ་བྱུང་མེད་པ་སོགས་ཀྱི་གནད་དོན་ལ་རེ་རེ་བཞིན་ལྡོག་ལན་བརྒྱབ་ཡོད།

སྤྱི་ཟླ3པའི་ཚེས20ཉིན་ལྕགས་ཟམ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་དང་མེ་སྐྱོན་སེལ་བའི་ཉེན་བརྡ་གཏོང་བའི་བཞུགས་མོལ་དབྱེ་ཞིབ་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་པའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་ཆེད་ནུས་པ་བསྣན་ཡོད། གསོ་སྦྱོང་དེ《སི་ཁྲོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མཛུབ་ཁྲིད་ལག་དེབ》དང《དཀར་མཛེས་ཁུལ་གྱི་མེ་གསོད་སྒྲིག་འཛུགས་བཀོད་འདོམས་ལས་དོན་གྱི་ཚད་གཞི》དང་ཟུང་འབྲེལ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་དེ་འགོག་སྐྱོབ་བཅོས་གསུམ་ནས་འགོ་བཙུགས་ཏེ་རྫོང་དང་།ཡུལ་གྲོང་།གྲོང་སྡེ་བཅས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་གསོད་པའི་དཔུང་ཁག་འཛུགས་སྐྱོང་སྔར་བས་ཚད་ལྡན་དུ་བཏང་ཡོད།

དར་མདོ་དང་།ལྕགས་ཟམ་ཁ།རོང་བྲག་སོགས་ས་ཁུལ་ཕུད།ད་དུང་ཁུལ་དེའི་ས་གནས་ཁག་གིས་ལས་དོན་ཡག་པོ་སྒྲུབ་འདོད་ན་སྔོན་ལ་ཕན་ཐོགས་ཡོང་བ་བྱ་དགོས་ཞེས་པའི་རྣམ་འགྱུར་ཐོག་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མེ་གསོད་སྒྲིག་ཆས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་རྨང་གཞིའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལ་སྒུལ་ཤུགས་ཧུར་ཐག་མཁོ་འདོན་བྱས་ཡོད།ད་སྔའི་བར་ཁུལ་ཡོངས་སུ་མེ་ཟོན་ལམ་བུ་སྤྱི་ལེ27050དང་།ཆུ་གསོག་རྫིང་བུ(ཆུ་གསོག་ཟོམ)2598 རྒྱང་ལྟའི་སྟེགས་བུ31དང་། ནགས་ཚལ་དང་མེ་བརྙན་ལམ་གྱི་ལྟ་སྐུལ་ཚོད་འཛིན་མ་ལག256དང་། ཐད་འཕུར་གནམ་གྲུ་གནམ་ཐང12དང་། མཁའ་འགྲུལ་ཆུ་ལེན་ས་ཚུགས14བཅས་བསྐྲུན་ཡོད་པ་རེད།

སྟོབས་ཤུགས་གཅིག་བསྒྲིལ་གྱིས་རི་སྔོ་ཆུ་དྭངས་སྲུང་ཞིང་སྐྱོང་།
ཚོང་དུད་ལ་མེ་ཟོན་ཤེས་བྱ་སྒྲོག་བཞིན་པའི་ཚུལ།

བསམ་ཕྱོགས་གསར་དུ་བཏོད་ནས་མེ་ཟོན་འདུ་ཤེས་ལྡན་པར་བྱས།

ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་གཏང་མི་རུང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་ཀ་ནི་ཚང་མའི་འགན་ཡིན་ཞེས་པ་སོགས་རང་ཁུལ་གྱི་ས་ཁོངས་སུ་གོ་བདེ་ཤེས་སླ་དང་མི་ལ་སེམས་འགུལ་ཐེབས་པའི་མེ་གསོད་ཀྱི་དྲིལ་བསྒྲགས་སྦྱར་ཡིག་མཐོང་རྒྱུ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན།འདི་ལོ་ནས་བཟུང་།ཁུལ་ཡོངས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་འགོག་གི་དྲིལ་བསྒྲགས་སློབ་གསོ་ཐེངས3000ལྷག་བྱས་པ་དང་།དྲིལ་བསྒྲགས་ཤོག་བྱང142800དང་གྲོས་འདོན་ཡི་གེ12900ལྷག་སྤྲད་པ། དྲིལ་བསྒྲགས་སྦྱར་ཡིག7600ལྷག་སྦྱར་བ། དྲིལ་བསྒྲགས་འཕྲིན་ཐུང་དང་འཕྲིན་ཆུང་ཁྲི236ལྷག་བསྐུར་ཡོད།

ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་ལས་ཀའི་གནས་བབ་གསར་པ་དང་།ཁྱད་ཆོས་གསར་པ།འཕེལ་ཕྱོགས་གསར་པ་བཅས་ལ་དམིགས་ནས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རང་ཉིད་ཀྱི་ནུས་པ་མངོན་ཐུབ་པ་བྱས་ནས་རྒྱུན་རྣམ་ཅན་གྱི་བྱེད་ཐབས་ལག་ལེན་བསྟར་བ་དང་དུས་མཉམ་དུ་དྲྭ་ཐོག་དང་ཁ་པར་དང་།སྐད་འཕྲིན་སོགས་ཟུང་འབྲེལ་བྱས་ནས་དྲིལ་བསྒྲགས་བྱེད་རྒྱ་ཆེ་རུ་བཏང་ཡོད། དེའི་ནང་གསར་གཏོད་རང་བཞིན་ལྡན་པའི་ཕྱག་ཕྲེང་རྫོང་གི་ནགས་ཚལ་མེ་གསོད་པའི་བརྙན་ཐུང་ཞིག་ཡོད།

བརྙན་ལམ་དེར་སྤྲོ་སྣང་རང་བཞིན་དང་སློབ་གསོའི་རང་བཞིན་ལྡན་པར་མ་ཟད།དམིགས་བསལ་རྒྱབ་ལྗོངས་ཀྱི་རོལ་དབྱངས་ཀྱིས་བརྒྱན་པས་ཁྱབ་བསྒྲགས་བྱས་མ་ཐག་དྲྭ་གྲོགས་ཀྱིས་བརྒྱུད་འགོད་དང་བསྔགས་བརྗོད་བྱས་པས་བརྒྱུད་སྤེལ་གྱི་ཕན་འབྲས་བསམ་ཡུལ་ལས་འདས་ཡོད། ཕྱག་ཕྲེང་རྫོང་ཆིང་ཏེ་གྲོང་རྡལ་གྱི་ཡུལ་མི་གཡུང་དྲུང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་སླད་ཕྱིན་དེ་ལྟ་བུའི་དྲིལ་བསྒྲགས་བརྙན་ལམ་མང་ཙམ་འདོན་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

རང་ཁུལ་གྱིས་རྒྱུན་གཏན་རང་བཞིན་གྱི་སློབ་གསོ་དང་ཉེན་ཟོན་སློབ་གསོ།ཁྲིམས་ལུགས་སློབ་གསོ།ཁེ་ལས་ཀྱི་རིམ་གསུམ་སློབ་གསོ་སོགས་ཀྱི་ལས་དོན་ལ་དམིགས་ནས་ཚོགས་འདུའི་སྐབས་ངེས་པར་དུ་ཤོད་པ་དང་།དུད་ཚང་དུ་སྐྱོད་སྐབས་ངེས་པར་དུ་ཤོད་པ།བདུན་སྤེལ་བྱེད་སྒོ།སློབ་འགོ་ཚུགས་པའི་སློབ་ཚན་དང་པོ།ལག་རྡང་སྦྲེལ་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་དང་མེ་ཟོན་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་དམངས་ཡོངས་ཀྱིས་འགན་འཁུར་བ་དང་།དམངས་ཡོངས་ཞུགས་པ།དམངས་ཡོངས་ཀྱིས་ལྟ་སྐུལ་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།

དུས་མཉམ་དུ་རང་ཁུལ་གྱིས་ད་དུང་དྲིལ་བསྒྲགས་ཟླ་བ་དང3.30ཉེན་བརྡ་ཉིན་མོའི་བྱེད་སྒོར་ཤུགས་ཡོད་རྒུས་བསྐུལ་ནས་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་བྱས་ཡོད། དྲིལ་བསྒྲགས་ཟླ་བ་ནས་བཟུང་ཁུལ་ཡོངས་སུ་བརྙན་ལམ་བཀོད་གཏོང་ཚོགས་འདུ་དང་།བཞུགས་མོལ་ཚོགས་འདུ།དཔེ་མཚོན་ཕྱོགས་སྡོམ་ཚོགས་འདུ་བཅས་ཐེངས70ལྷག་འཚོགས་ནས《ཉེན་ཟོན་དམར་ཐིག》དང་།《མེ་འཁྲུག》《མེ་ལྕེ་སྟག་ལས་རྒོད། དོགས་ཟོན་ཡུན་རིང་བྱེད།》བཅས་པའི་གཟུགས་ལམ་ཐེངས་ཁྲི2ལྷག་ལ་བལྟས་པ་དང་ནང་སྦྱོང་ཐེངས300ལྷག་བྱས་ཤིང་། རུ་ཁག་གིས་གོ་ཆས་ཁྱེར་ནས་སྦྱོང་བརྡར་ཐེངས1200ལྷག་བྱས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:ཁུལ་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ལིའུ་ཞུའེ་ལིན་གྱིས་ཁྲིམས་སྐྱོང་ཆུ་ཚད་མཐོན་པོའི་ཞབས་ཞུས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་འགན་ལེན་བྱ་དགོས་ཞེས་བཤད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།