ཟླ་འོད་འོག་གི་སེམས་པ།

གཞི་ཚང་ཟླ་བ་གྲགས་པ།        2023-04-03

གསེར་གྱི་ཉི་མས་འོད་ཆགས་ནུབ་ཏུ་སྤྱུགས།།

མུན་པའི་དཔུང་ཚོགས་ནད་དྲག་གཉིད་ལས་སད།།

བསིལ་བསིལ་ཐོར་རླུང་འཁྲིགས་པའི་དགོང་མོ་འདིར།།

ཡ་ཆུང་སེམས་པ་ན་ཟུག་ཀློང་དུ་ཟུག།

དྲི་བཞོན་རྟ་ཕོ་ལྷ་ལམ་རྒྱུག་སྟོབས་ཀྱིས།།

མཁའ་གླང་ནུས་མེད་ཕྱོགས་བཞིའི་ཕ་མཐར་བསྐྲད།།

སྐར་ཚོགས་འབུམ་གྱིས་བརྒྱན་པའི་ཀུན་གསལ་སྲང་།།

བཅོ་ལྔའི་ཟླ་བའི་འཛུམ་ཞལ་བླ་ན་འཕགས།།

མཚན་བྱེད་ལྷ་མོ་མཁའ་ནས་འཛུམ་ཙམ་གྱིས།།

མ་བརྟགས་མ་དཔྱད་དུས་ཚིགས་གློ་བུར་བ།།

རྩེ་གཅིག་དམིགས་པས་དར་བབ་ཟླ་གཞོན་མ།།

དྲན་ཤེས་མཚོ་མོའི་མཐོངས་སུ་ལམ་མེར་དྲངས།།

སྒེའུ་ཁུང་ནག་ཐིག་མ་གྱུར་ཟླ་འོད་ཁེངས།།

སེམས་པ་སྐྱིད་དུ་མ་ལུས་གདུང་བས་ཁྱབ།།

མི་བདེ་མེད་མུག་འཚངས་པའི་སེམས་ཀྱི་ལག།

ཕྱིར་མིག་ལན་གཅིག་བསྙབ་ལ་དབང་མེད་ཤོར།།

ཡུལ་དང་ལུང་གིས་མ་བསྐལ་གནས་ཀྱིས་བསྡུས།།

ཟོལ་མེད་སྙིང་གཏམ་ལྕེ་ཐོག་གནས་གྱུར་ཀྱང་།།

ཡིད་དུ་འོང་བའི་འཛོམས་ཆིངས་མ་བཏབ་པས།།

མིག་ཆུའི་བཞུར་རྒྱུན་ནང་དུ་སེམས་གཏམ་ལུས།།

ཕར་དགའ་ཚུར་འཐད་གཏམ་རྒྱུད་ཁུགས་སོ་ནས།།

ལྷན་ཅིག་གནས་པའི་འདོད་པ་སྟོང་ལྡན་ཡང་།།

བྱས་བསགས་ལས་ཀྱིས་སོ་སོར་བསྐོས་ཟིན་པས།།

སྡུག་ཡུས་ཤུགས་རིང་འབྱིན་པ་གྲངས་ལས་འདས།།

ཁྱེད་ཕྱོགས་འཕུར་དགོས་སྙམ་པའི་གཤོག་ཐོགས་ཀྱང་།།

མི་ཁའི་དབལ་རླུང་འཚུབ་པའི་བར་གསེང་ནས།།

སྤུར་ཏེ་སྐྱོད་པའི་བློ་སྤོབས་ཡེ་མེད་པས།།

སྡུག་གི་སྨྲེ་ངག་མི་འདོན་འདུག་ཐབས་ཅི།།

ཁྱོད་ཞལ་ལན་གཅིག་མཇལ་བའི་སྐལ་བཟང་གིས།།

སེམས་དང་སེམས་བྱུང་མྱང་འདས་བསྐྱལ་ངེས་ཀྱང་།།

གཟུགས་མེད་དྲི་ཙམ་མེད་པའི་ས་མཐའ་ནས།།

ན་ཟུག་མེ་ལྕེ་དམར་པོས་ཡིད་སེམས་སྲེག།

མ་འོངས་འཚོ་བ་འདི་ལས་ཁྱད་མཚར་ཞིག།

འབྱུང་ཞེས་ཡིད་ཆེས་གཏིང་ནས་མི་རྙེད་པས།།

ཕྱི་ནང་ཡང་གསང་དམ་ཅན་ལྷ་ཚོགས་ལ།།

གསོལ་འདེབས་རེ་ཞུ་ཕུལ་བའི་སྟ་གོན་འགྲིག།

མི་མཐོང་སེམས་ཀྱིས་མྱང་བྱ་འདས་པའི་དོན།།

ཡིད་སྐྱོའི་དཔྲལ་གཉེར་ལྟེབ་པའི་དངོས་རྒྱུ་ལས།།

དགའ་མགུ་ཟློས་གར་རྩེན་པའི་ཆུ་མོའི་སྟབས།།

དྲན་གདུང་ལྷགས་པས་སྒྲོག་ཏུ་བཅིངས་ནས་ཐལ།།

མི་གཤིག་གཡུང་དྲུང་དམ་བཅའི་མདུད་པ་ཉིད།།

སྲོག་ཁང་མི་འགྱུར་བཞུགས་ན་མ་གཏོགས་པ།།

རྟིང་རྗེས་འདི་བཞིན་ཚེ་མཇུག་བསྐྱལ་དགོས་ན།།

ཁོ་བོ་ཨ་ཐང་ཆད་པར་ཐེ་མི་ཚོམ།།


  • ལེ་ཚན་སྔོན་མ།:འཇིགས་སྐྲག།
  • ལེ་ཚན་རྗེས་མ།:དྲི་བྲལ་པདྨ་རྒྱས་པའི་སྙན་ཚིག།