ཧྥུང་ཧྥ་ཀུའེ་ཡིས་ས་འགུལ་གནོད་རྗེས་ཉམས་གསོ་བསྐྱར་སྐྲུན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-04-10

སྤྱི་ཟླ4པའི་ཚེས3ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ལྕགས་ཟམ་རྫོང་དང་དུང་དཀར་ལུང་པར་ཕེབས་ནས2022ལོའི་ཟླ་བ9པའི་ཚེས5ཉིན་ལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད། ཁོང་གིས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་ཏེ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་འགག་སྒྲོལ་དཀའ་སེལ་ཕོད་པ། སྤུས་ཚད་འགན་ལེན་དང་ཉེན་མེད་འགན་ལེན་བྱས་ནས་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ས་འགུལ་བྱུང་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་པ་དང་། ཤུགས་ཡོད་རྒུས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྱར་དུ་སྐྲུན་པར་ཤུགས་བརྒྱག་དགོས་ཞེས་ནན་གསུང་གནང་བ་རེད།

ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་ཁུའེ་ཝུའུ་དང་དུང་དཀར་ལུང་པའི་འབོ་ཞབས་གྲོང་རྡལ་གསོམ་ཤིང་ཐང་གྲོང་སྡེའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་ལས་གྲྭ་སྐྲུན་ཡུལ་དུ་ཧྥུང་ཧྥ་ཀུའེ་ཡིས་བཀོད་སྒྲིག་བྱ་ཡུལ་གྱི་སྤྱི་ཡོངས་ཇུས་འགོད་དང་། རྨང་གཞིའི་སྒྲིག་བཀོད་འཆར་འགོད། བཟོ་དབྱིབས་བཀོད་སྒྲིག་ཞིབ་སྲོལ། མང་ཚོགས་གནས་སྤོ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། ཨར་སྐྲུན་ཡུལ་དུ་ཕེབས་ནས་ལས་གྲྭའི་འཕེལ་རིམ་ལ་ཞིབ་བཤེར་གནང་བ་རེད། དུང་དཀར་ལུང་པའི་བེ་ཤིང་ཐང་ཟམ་ཆེན་དུ་ཧྥུང་ཧྥ་ཀུའེ་ཡིས་ལྗོངས་ཁུལ་གྱི་འགྲོ་ལམ་ཉམས་གསོ་བསྐྱར་སྐྲུན་ལས་གྲྭའི་འཕེལ་རིམ་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ལས་གྲྭའི་གནས་ཚུལ་མདོར་བསྡུས་དང་ཨར་ལས་ཀྱི་དཀའ་གནད་རྒྱུས་ལོན་ཞིབ་ཚགས་གནང་ཞིང་། འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་ལས་དོན་ངོ་སྤྲོད་ལ་ནན་ཏན་ངང་གསན་པ་རེད། ཁུག་རྟ་ལུང་གྲོང་རྡལ་དུ་ཧྥུང་ཧྥ་ཀུའེ་ཡིས་ཡུལ་དངོས་སུ་དུང་དཀར་ལུང་པའི་འཁྱགས་རོམ་གངས་ཤུད་ར་བའི་ལས་གྲྭ་འདེམས་ཡུལ་དང་འཆར་འགོད་ཇུས་གཞི་བཀོད་ཚུལ་རྒྱུས་ལོན་གནང་བ་རེད།

བརྟག་ཞིབ་གནང་རིང་ཧྥུང་ཧྥ་ཀུའེ་ད་དུང་ཆེད་མངགས་ལྕགས་ཟམ་རྫོང་མི་དམངས་སྨན་ཁང་དང་ལྕགས་ཟམ་རྫོང་འབྲིང་རིམ་སློབ་གྲྭར་ཕེབས་ནས་སློབ་གསོ་དང་སྨན་བཅོས་ཤེས་ལྡན་པའི་རོགས་སྐྱོར་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། རོགས་སྐྱོར་ཤེས་ལྡན་མི་སྣར་འཚམས་འདྲི་གནང་ཞིང་ཁོ་ཚོ་དཀར་མཛེས་ཁུལ་དུ་ཡོང་ཚུན་གྱི་ལས་ཀ་དང་འཚོ་བའི་གནས་ཚུལ་དང་། རོགས་སྐྱོར་གྱི་མྱོང་ཚོར། དཀའ་ངལ་ཡོད་པའི་གནད་དོན་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ཚང་མས་དཀར་མཛེས་ཁུལ་དུ་རོགས་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།།


  • ལེ་ཚན་སྔོན་མ།:ལི་ཡུན་ཙེས་རང་ཁུལ་དུ་ནགས་རྩྭ་མེ་ཟོན་ཉེན་སྟོན་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་གྱིས་མཉམ་སྐྲུན་དང་མཉམ་སྐྱོང་། མཉམ་སྤྱོད་ཀྱི་གནས་བབ་གསར་པ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།