མི་དམངས་ཉིན་རེའི་ཚགས་པར་ནས་དྲངས། 2023-04-06
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ3པའི་ཚེས31ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ3པའི་ཚེས1ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐུན་མོང་སློབ་སྦྱོང་ཐེངས་བཞི་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ད་ཐེངས་ཀྱི་ཐུན་མོང་སློབ་སྦྱོང་གི་དམིགས་ཡུལ་ནི། དཔེ་སྟོན་གྱི་ནུས་པ་བཏོན་ནས་ཏང་ཡོངས་ཀྱིས་གཙོ་དོན་སློབ་གསོའི་ཁྲོད་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱ་རྒྱུར་སྐུལ་འདེད་བཏང་སྟེ་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏང་རྒྱུ་དེ་ཡིན་ཞེས་ནན་གསུང་གནང་བ་རེད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ལིའུ་གོ་ཀྲུང་དང་ལི་ཀན་ཅེ། ལི་ཧྲུའུ་ལེ། ཧོ་ཝུའེ་ཏུང་། ཁྲེན་མིན་ཨེར་བཅས་བློ་མཐུན5ཡིས་རང་ངོས་ཀྱི་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་པའི་ངོས་འཛིན་དང་མྱོང་ཚོར་སྤེལ་རེས་གནང་བ་རེད།
ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་རྩ་བའི་བླང་བྱ་ཞིག་རེད། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱ་རྒྱུ་ནི་རང་རེའི་ཏང་གིས་ལོ་རྒྱུས་གསར་དུ་བཏོད་པ་དང་གྲུབ་འབྲས་འོད་སྟོང་འབར་བ་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་རེད།
དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་དང་། དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན། གཏན་འཁེལ་མེད་ཅིང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འབེབས་བྱས་པའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་བྱེད་དགོས་ན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། ལྷག་པར་དུ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་གལ་ཤིན་ཏུ་ཆེ་བ་དེ་ནི་ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་གཏན་འཁེལ་གནང་བའི་བསམ་གཞིག་བྱེད་ས་གཙོ་བོ་དེ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཐད་གོམ་གང་མདུན་དུ་སྤོ་པ་བཞིན་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ཀྱང་གོམ་གང་མདུན་དུ་སྤོ་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལོ10ཡི་འཕེལ་རིམ་བརྒྱུད་ཡོད། འཕེལ་རིམ་འདི་དང་བསྟུན་ནས་ང་ཚོས་ཀྱང་ཏང་ཡོངས་ཀྱིས་སློབ་སྦྱོང་ལོ10བྱ་རྒྱུར་སྐུལ་འདེད་བཏང་ཡོད་ལ། ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད། འོན་ཀྱང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྗོད་དོན་གཙོ་བོ་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་གཏན་འཁེལ་བྱས་དོན་ནི། ཏང་ཡོངས་དང་ལྷག་པར་དུ། འགོ་ཁྲིད་ལས་བྱེད་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏང་རྒྱུ་དེ་ཡིན།
ཞི་ཅིན་ཕིང་གིས་གསུངས་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཕྱོགས་གང་ས་ཅི་ཐད་འདུས་ཡོད་པས། ཆ་ཚང་བའི་ཚན་རིག་གི་མ་ལག་ཅིག་གྲུབ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“ཁ་གསལ་བཅུ”དང་། “མཐའ་འཁྱོངས་བཅུ་བཞི”“ཕྱོགས་བཅུ་གསུམ་གྱི་གྲུབ་འབྲས”བཅས་ཀྱི་ཐོག་ནས་དགོངས་པ་འདིའི་ནང་དོན་གཙོ་བོ་སྙིང་བསྡུས་བྱས་ཡོད་ཅེས་གསལ་པོར་བསྟན་ཡོད། ང་ཚོས་ནང་དོན་གཙོ་བོ་འདི་དག་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱ་དགོས་ལ། དགོངས་པ་འདིའི་ཚན་རིག་མ་ལག་སྤྱི་ཡོངས་ནས་སྟངས་འཛིན་བྱས་ཏེ་གོ་དོན་མཐིལ་རྟོགས་ཡོང་བར་བྱ་དགོས། ཁྱབ་ཁོངས་ཁག་ལ་བཏོན་པའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ནི་ཕྱོགས་ཁག་གི་ལས་དོན་ལ་བཏོན་པའི་ཞིབ་ཕྲའི་བླང་བྱ་ཡིན་པས། ཚང་མ་ཚན་རིག་གི་མ་ལག་ཧྲིལ་པོའི་ཁྲོད་བཞག་ནས་ངོས་འཛིན་དང་སྟངས་འཛིན་བྱེད་དགོས་པ་ལས། ཐར་ཐོར་ཅན་དང་ཕྱོགས་རེ་ཙམ་གྱི་རང་བཞིན་མི་ཐོན་པ་བྱེད་དགོས་ལ། ལྗོན་ཤིང་མཐོང་བ་ལས་ནགས་ཚལ་མི་མཐོང་བ་དེ་བས་བྱེད་མི་རུང་།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱ་དགོས་ན། ད་དུང་དགོངས་པ་དེའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ངེས་པར་དུ་སྟངས་འཛིན་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་རིགས་པའི་གཞུང་ལུགས་གསར་གཏོད་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་བྱ་ཐབས་བཏོན་ཏེ། ངེས་པར་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། ངེས་པར་དུ་གདེང་ཚོད་དང་རང་ཚུགས་མཐའ་འཁྱོངས། ངེས་པར་དུ་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ངེས་པར་དུ་མ་ལག་གི་འདུ་ཤེས་མཐའ་འཁྱོངས། ངེས་པར་དུ་བློ་ལ་གནམ་འོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་བཏོན་ཡོད། “ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག་པོ”འདི་དག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད། “ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག”ཚུད་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་གནད་འཁེལ་སྟངས་འཛིན་བྱས་ཚེ། གཞི་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྙིང་བཅུད་དང་དོན་སྙིང་ལ་དེ་བས་གོ་བ་ལེགས་པར་ལེན་ཐུབ་པ་དང་། གཞི་ནས་བསམ་བློ་དང་བྱ་ཐབས་ཡང་དག་འཛིན་ཐུབ་པ། གནད་དོན་ལ་ངོས་འཛིན་བྱེད་སྐབས་གཞི་ནས་གནས་ཚད་མཐོ་པོ་འཛིན་ཐུབ་པ། གནད་དོན་ལ་དབྱེ་ཞིབ་བྱེད་སྐབས་གཞི་ནས་གཏིང་རྩ་མཐོང་ཐུབ་པ། ལས་དོན་སྤེལ་སྐབས་གཞི་ནས་གནད་ལ་འཁེལ་ཐུབ་པ། གྲིམ་ལྷོད་རན་པོ་དང་དམ་ལྷོད་རང་དབང་ཐུབ་པའི་འགན་ལེན་བྱེད་ཐུབ།
ཞི་ཅིན་ཕིང་གིས་གསུངས་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་དེ་བེད་སྤྱོད་ཇི་ལྟར་གཏོང་མིན་ལ་ཐུག་པ་དང་། དགོངས་པ་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ཆེན་ཞིག་ལ་སྒྱུར་བར་ཐུག་ཡོད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཏང་ཡོན་ལས་བྱེད་པ་དང་། ལྷག་པར་དུ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་རང་ཉིད་ཀྱི་བསམ་བློ་དེའི་ནང་བཞག་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ། ཏང་གཤིས་ཞུན་བརྡར་ལ་ཤུགས་རྒྱག་པ་བཅས་སྐོར་གྱི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་བླང་བྱ་རབ་དང་རིམ་པ་དང་དེ་བཞིན་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ། “ནན་གསུམ་དྲང་གསུམ”ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་བ་བཅས་བྱེད་པ། དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་སོགས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པ་བྱ་དགོས། ལྷག་པར་དུ་དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་རང་ཉིད་ཀྱི་བསམ་བློའི་དྲག་ཆས་ལ་བསྒྱུར་ནས་ནང་སེམས་སུ་ཟུག་པ་དང་ཕྱི་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་སྤྱོད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱོད་མཁས་པོ་བྱས་ཏེ་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ལ་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྔར་བས་སྤྱི་འདོམས་ཡག་པོ་བྱེད་པ་དང་། དུས་སྐབས་དང་དུས་བབ་དང་། ཉེན་ཁ་དང་གོ་སྐབས་ལ་མཐིལ་རྟོགས་གཏིང་ཟབ་བྱེད་པ་དང་། འགྱུར་ལྡོག་མཐོང་བ་དང་། འགྱུར་ལྡོག་ལ་ཁ་གཏད་འཇལ་བ། འགྱུར་ལྡོག་ཡོང་རེ་བཅས་ཧུར་ཐག་བྱེད་དགོས། དགོངས་པ་དེ་སྤྱོད་མཁས་པོ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ་ཆབ་སྲིད་ཀྱི་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་། འཐབ་ཇུས་ཀྱི་འདེགས་སྐྱོར་ཕུན་སུམ་ཚོགས་སུ་གཏོང་བ། ལག་ལེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། སྒུལ་ཤུགས་དང་གསོན་ཤུགས་འཕེལ་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་སྔར་བས་མངོན་གསལ་དོད་པོ་དང་། ལེགས་ཆ་སྔར་བས་མངོན་པ། མདུན་ལམ་སྔར་བས་འོད་ཟེར་སྟོང་ལྡན་བཅས་ཡོང་བ་བྱེད་དགོས། དགོངས་པ་དེ་སྤྱོད་མཁས་པོ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། འཕྱུགས་མེད། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། དགོངས་པ་དེ་སྤྱོད་མཁས་པོ་བྱས་ཏེ་ཉེན་ཁ་ཆེན་པོ་འགོག་ཟོན་དང་བསལ་ནས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། བདེ་དུས་ཉེན་ཟོན་དང་མ་བྱུང་སྔོན་འགོག་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་ཨང་གསར་རྒྱུན་འཁྱོངས་བྱེད་པ། སྔོན་ཇུས་ཡག་པོ་འདིང་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས་ཉེན་ཁ་སྣ་ཚོགས་མ་ཐོན་གོང་ནས་འགོག་པ་དང་། ཉེན་ཁ་སྣ་ཚོགས་ཚོད་འཛིན་མ་ཐུབ་པ་དང་ཆེ་རུ་འགྲོ་རྒྱུར་འགོག་ཟོན་མཐའ་གཅིག་ཏུ་བྱེད་པ། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་འགོག་ཟོན་མཐའ་གཅིག་ཏུ་བཅས་བྱེད་དགོས། དགོངས་པ་དེ་སྤྱོད་མཁས་པོ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཏང་ཆེན་པོ་ཁོ་ནར་ལྡན་པའི་དམིགས་བསལ་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་ཀྱིས་གསར་དུ་ཐོན་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་སྣང་ཆེན་བྱ་དགོས་ལ། གཏིང་ཟབ་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ཡང་སྣང་ཆེན་བྱས་ནས་ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱ་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་མིག་དཔེ་འདོན་དགོས་ཤིང་། འགོ་ཁྲིད་ལས་བྱེད་པས་ཕྱོགས་གང་ཅིའི་ཐད་ནས་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་པ་ནི་འགོ་ཁྲིད་བྱེད་སྟངས་དང་ལས་ཀ་བྱེད་སྟངས་ནུས་ལྡན་ཞིག་རེད། ད་རེས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ཏང་ཡོངས་ལ་མིག་དཔེ་འདོན་པ་དང་། ཚད་ཤིང་འཛུགས་པ། སྣེ་ཡག་པོ་འཁྲིད་པ་བཅས་བྱེད་དགོས། སྣེ་ཁྲིད་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གཏིང་ཟབ་ཏུ་གཏོང་བར་ཁྲིད་སྟོན་དང་སྐུལ་འདེད་གཏང་དགོས། སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་དོན་དངོས་ནང་ཟབ་འཇུག་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱེད་པ་དང་། གནད་དོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། གནས་ཚུལ་གསལ་པོར་རྟོགས་པ་དང་། གནད་དོན་འཚོལ་ཞིབ་གནད་འཁེལ། ཐབས་ཇུས་གནད་འཁེལ་འདོན་པ། གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་འདོན་པ་བཅས་བྱས་ཏེ་ཏང་ཡོངས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་ཆེན་མོ་དར་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏང་དགོས། སྣེ་ཁྲིད་དེ་གནད་དོན་འཚོལ་བཤེར་དང་དག་ཐེར་བྱེད་པར་དམ་འཛིན་ཡག་པོ་བྱས་ནས་དུས་བབ་གསར་པ་དང་། ལས་འགན་གསར་པ། འགན་འཁྲི་གསར་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། རང་ངོས་ཀྱི་མི་འདང་ས་དང་ལས་ཀའི་ནོར་འཛོལ་ཕྱོགས་ཡོངས་ནས་འཚོལ་བཤེར་བྱེད་པ། ཏང་ཕྱི་ནང་གི་ལྟ་སྐུལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་རྟོགས་ངང་དང་ལེན་བྱེད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་ངང་སྤེལ་བ། བསམ་བློའི་འབྱུང་རྩ་དང་ལམ་ལུགས་ལམ་སྲོལ་ཐད་ནས་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། ཏང་ཡོངས་ཀྱི་སྣེ་ཁྲིད་དེ་ཞིབ་བཤེར་གཏིང་ཟབ་དང་དག་ཐེར་ཏན་ཏིག་བྱེད་པ་བཅས་བྱས་ཏེ་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་འཐོབ་པར་བྱ་དགོས། སྣེ་ཁྲིད་དེ་གནས་སའི་ས་ཁུལ་དང་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱས་ནས་འགོ་ཁྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། འཕེལ་རིམ་གྱི་གནས་ཚུལ་ཧྲིལ་པོ་ཁོང་དུ་ཆུད་པར་བྱེད་པ། ཐོན་སོ་ཡོད་པ་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་སྣ་ཚོགས་ཤུགས་ཡོད་རྒུས་ཤེས་རྟོགས་ཐུབ་པ་དང་ཐག་གཅོད་བྱེད་པ། ལས་དོན་ལ་དམ་འཛིན་ཏན་ཏིག་དང་གཏིང་ཟབ་བྱེད་པ། ཁ་ཕྱོགས་མི་འགྱུར་བ་དང་ཤུགས་ཚད་མི་ཆག་པ་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕན་འབྲས་དངོས་ཐོན་པ་ཧུར་ཐག་བྱ་དགོས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10