ནོར་བུས་བསྒྱུར། 2023-04-04
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནགས་སྐྲུན་ལས་ཀ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་ཡིན་པས་ལོ་ནས་ལོ་དང་མི་རབས་ནས་མི་རབས་བར་བསྒྲུབ་དགོས་ལ། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་དགོས་ཞེས་གསུངས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློའི་ཁྲིད་སྟོན་འོག་རང་རྒྱལ་གྱི་སྡོང་འཛུགས་ནགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་རི་མོ་གསར་པ་ཞིག་རིམ་བཞིན་བཀོད་ཡོད།
དཔྱིད་ཀའི་དུས་ཀྱི་ཀྲུང་གོར་གང་ས་གང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་ཀྱིས་ཁེངས་ཡོད།
པེ་ཅིང་ཧྥུང་ཐའེ་ཡུང་ཏིང་གཙང་པོའི་འགྲམ་གྱི་སྐྱེད་ཚལ་དུ་གསོམ་དཀར་ཞིག་གི་ལོ་འདབ་རྒྱས་ཤིང་སྔོ་ལྗང་གི་གཡུ་ལོ་བཀྲ། 2013ལོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཀྱི་འོས་འགན་ཤིང་འཛུགས་ཐེངས་དང་པོའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསོམ་དཀར་དེ་བཙུགས་གནང་བ་རེད། ལོ་བཅུ་འདས་རྗེས་སྐབས་དེ་དུས་ཀྱི་སྡོང་ཕྲུག་དེ་ད་ལྟ་མཐོ་ཚད་སྨི6ཡོད་པའི་ཤིང་སྡོང་ཆེན་པོ་ཞིག་ཏུ་གྱུར་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལོ་ལྟར་དཔྱིད་ཀར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉམས་ལེན་འབད་སྒྲུབ་ཀྱིས་རྒྱལ་སའི་འོས་འགན་ཤིང་འཛུགས་ནང་ཞུགས་ཀྱི་ཡོད། ལྗང་མདོག་ནི་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཁྱད་ཆོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་ཆ་ཡིན། སྣེ་ཁྲིད་མིག་དཔེ་སྟོན་པ་ནས་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་ལྗང་ཅན་དུ་འགྱུར་བའི་བྱ་གཞག་ལ་ཐུགས་ཁུར་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་བའི་ཁྲིད་སྟོན་གནང་བཞིན་ཡོད།
ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ཁྲིད་སྟོན་འོག་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཉིན་རེ་བཞིན་མི་རྣམས་ཀྱི་སེམས་སུ་ཟུག་ཡོད།
རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་གཞུང་དོན་ཁང་གིས་གསར་དུ་ཁྱབ་བསྒྲགས་བྱས་པའི《2022ལོའི་ཀྲུང་གོའི་རྒྱལ་ཁོངས་སྔོ་ལྗང་ཅན་གྱི་རྣམ་པའི་སྤྱི་བསྒྲགས》ལས་གསལ་བར། ད་ཆ་རང་རྒྱལ་གྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་དུང་ཕྱུར2.31དང་།ནགས་ཚལ་ཁེབས་ཚད་བརྒྱ་ཆ24.02ལ་ཟིན་པ་དང་། རྩྭ་ཐང་རྒྱ་ཁྱོན་སྤྱི་ཆིང་དུང་ཕྱུར2.65ལ་ཟིན་པ་དང་།རྩྭ་ཐང་ཕྱོགས་བསྡུས་ཁེབས་ཚད་བརྒྱ་ཆ50.32ལ་ཟིན་ཡོད།
ལོ་བཅུའི་རིང་ལ། རང་རྒྱལ་གྱིས་ལས་གྲྭ་ཆེན་པོར་བརྟེན་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་ལྗང་ཅན་དང་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་ཁྲིད་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། རྨོ་བསྐྱུར་ནགས་གསོ་རྩྭ་འདེབས། ནུབ་བྱང་དང་ཧྭ་བྱང་། བྱང་ཤར་བཅས་ཀྱི་སྲུང་སྐྱོང་ནགས་ཚལ་གསུམ་ལ་སོགས་པའི་ལས་གཞི་གལ་ཆེན་མཐའ་འཁྱོངས་བྱས་ཏེ། ནགས་ཚལ་གཉེར་སྐྱོང་དང་ནགས་སྐྲུན་གྱི་བསྡོམས་འབོར་དང་སྤུས་ཚད་དཔུང་གཤིབ་མཉམ་སྐྱོད་བྱས་པ་དང་། གྲོང་ཡུལ་གཅིག་གྱུར་གྱིས་སྔོ་ལྗང་ཅན་དུ་བསྒྱུར་བའི་འཆར་འགོད་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་དང་། ནགས་ཚལ་ཡུལ་སྡེ་འབོར་ཆེན་འཛུགས་སྐྲུན་བྱས་ཡོད།
ལོ་བཅུའི་རིང་ལ་རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་ལྗང་ཅན་དུ་འགྱུར་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ནགས་ཚལ་རྒྱ་ཁྱོན་མུའུ་དུང་ཕྱུར10.2ལ་ཟིན་པ་དང་། མིས་བཟོས་ནགས་ཚལ་གྱི་རྒྱ་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་ལས་གཞི་གལ་ཆེན་ལག་བསྟར་ཇེ་མགྱོགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་སྔོ་ལྗང་ཅན་གྱི་བྱ་སྤྱོད་སྤེལ་དགོས།
མིག་སྔར་དཔྱིད་དུས་ཀྱི་ནགས་སྐྲུན་ལས་ཀ་དེ་ལྷོ་ནས་བྱང་བར་བསྟུད་མར་སྤེལ་བཞིན་ཡོད་ཅིང་། ད་ལྟའི་བར་རྒྱལ་ཡོངས་སུ་ནགས་སྐྲུན་རྒྱ་ཁྱོན་མུའུ་ཁྲི1384ལ་ཟིན་པ་དང་། ལོ་འཁོར་གྱི་འཆར་གཞིའི་བཞི་ཆ་གཅིག་ལ་ཟིན་ཡོད་པ་རེད།
ད་ལོར་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས《གཞི་ཁྱོན་ཆེ་བའི་རྒྱལ་ཁབ་མངའ་ཁོངས་སྔོ་འགྱུར་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་ཚན་རིག་དང་མཐུན་པའི་ངང་ལག་བསྟར་བྱ་རྒྱུ(2023ལོ་ནས2025ལོའི་བར།)》བཏོན་པ་དང་། ལོ་ལྟར་རྒྱལ་ཁབ་མངའ་ཁོངས་སྔོ་འགྱུར་མུའུ་དུང་ཕྱུར1ལས་མི་ཉུང་བ་བྱ་དགོས་པ་དང་། མིས་བཟོས་ནགས་སྐྲུན་མུའུ་ཁྲི2000ལས་མི་ཉུང་བ་བྱ་དགོས།
ད་ལོར་རང་རྒྱལ་གྱིས་རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ཐང་། བྱེ་འགྱུར་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་རྣམ་གྲངས98དང་། རྒྱལ་ཁབ་མངའ་ཁོངས་སྔོ་འགྱུར་ཚོད་ལྟའི་དཔེ་སྟོན་རྣམ་གྲངས25ལག་བསྟར་བྱ་རྒྱུ། ནགས་སྐྲུན་དང་རྩྭ་འདེབས། བྱེ་ཐང་བཅོས་སྐྱོང་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10