ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་གྱི་འཛུགས་སྐྲུན་ལ་སྤུས་མཐོའི་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-04-11

ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་གྱི་འཛུགས་སྐྲུན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་བཀོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་གཏོང་གནང་མཛད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་གྱི་འཛུགས་སྐྲུན་ལ་འཕྲད་པའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱ་དགོས་པ་དང་། ས་ཁུལ་གསུམ་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་སྒྲིག་སྲོལ་སྦྲེལ་མཐུད་དང་ནང་རྐྱེན་འབྲེལ་མཐུད་ལ་སྐུལ་མ་གཏོང་བ། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་གྱི་གྲོང་ཁྱེར་དབར་གྱི་ལྕགས་ལམ་འཛུགས་སྐྲུན་མགྱོགས་སུ་གཏོང་བ། མི་སྣ་དང་དངོས་ཟོག་སོགས་པའི་རིགས་ཁག་གི་རྒྱུ་རྐྱེན་ལས་ཕྱོད་ཆེན་པོ་དང་སྟབས་བདེ་པོས་འགྲོ་འོང་ཐུབ་རྒྱུར་སྐུལ་མ་གཏོང་བ་བརྒྱུད། ཁྲོམ་རའི་གཞི་གཅིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
སྤྱི་ལོ་༢༠༢༢ལོར། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་སྤྱི་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཆིག་འབུམ་གསུམ་ཁྲི་ལས་བརྒལ་བ་དང་། ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། མིག་སྔའི་ཆར། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་དེ་ཉིད་རྒྱལ་སྤྱིའི་རྩེར་སོན་ཁུལ་ཆེན་དང་འཛམ་གླིང་རིམ་པའི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པའི་སྔོན་གཏན་འཁེལ་བའི་དམིགས་འབེན་ཕྱོགས་སུ་མགྱོགས་མྱུར་མདུན་སྐྱོད་བྱེད་བཞིན་ཡོད།

ད་ལོའི་སྤྱི་ཟླ་༡པོའི་ཚེས་༡ཉིན་༼ཨའོ་འཁོར་བྱང་སྐྱོད་༽ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱ་འགོ་ཚུགས་པ་ནས་བཟུང་། ཨའོ་མོན་གྱི་འཁོར་བྱང་རྐྱང་པ་བསྒར་བའི་རླངས་འཁོར་འགག་སྒྲོལ་གྲངས་འབོར་རིམ་ལྡན་འཕར་སྣོན་ཡོང་བཞིན་ཡོད། སྤྱི་ཟླ་༤པའི་ཚེས་༨ཉིན་བར་དུ། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་བརྒྱུད་ནས་འགྲོ་འོང་བྱེད་མཁན་༼ཨའོ་འཁོར་བྱང་སྐྱོད་༽ཀྱི་འཁོར་བྱང་རྐྱང་པ་བསྒར་བའི་རླངས་འཁོར་གྱི་གྲངས་འབོར་ཐེངས་གྲངས་ཆིག་འབུམ་ཆིག་ཁྲི་བདུན་སྟོང་ཟིན་ཡོད། དེ་སྔ་རྐང་ཐང་དུ་འགག་སྒྲོལ་བྱེད་མཁན་ཀྲུའུ་ཧའེ་དང་ཨའོ་མོན་ས་ཆ་གཉིས་སུ་འཚོ་བ་སྐྱེལ་བ་དང་ལས་ཀ་སྒྲུབ་མཁན་ཨའོ་མོན་གྱི་གྲོང་མི་ཚོས་ད་ཆ་རླངས་འཁོར་བཏང་ནས་འགྲོ་འོང་བྱེད་པའི་སྟབས་བདེ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
སྤྱི་ཟླ་༤ཚེས་༡ཉིན་ནས་བཟུང་། ཀོང་ཀྲོའུ་ནས་ཧྲེན་ཀྲེན་དང་ཤང་ཀང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཤང་ཀང་དུམ་བུའི་ཐོག་ཉིན་རེར་ས་མཚམས་ལས་བརྒལ་བའི་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་༡༦༤བར་མང་དུ་བཏང་བ་དང་། རྒྱལ་ཡོངས་ཁྱོན་གྱི་ས་ཚིགས་༦༦ཤང་ཀང་གི་ཅིའུ་ལུང་ནུབ་ཚུགས་སུ་ཤར་གཏོང་ཐུབ་ཀྱི་ཡོད་པས། སྤྱི་ལོ་༢༠༡༩ལོར་འགྲོ་སྐྱོད་བྱེད་པའི་ཆུ་ཚད་ལ་གཞི་རྩའི་ཆ་ནས་སླར་གསོ་བྱུང་ཡོད། ཤང་ཀང་དང་ནང་སའི་དབར་གྱི་མི་སྣ་འགྲོ་འོང་དང་དཔལ་འབྱོར་ཉོ་ཚོང་འགྲོ་འོང་སྔར་བས་སྟབས་བདེ་རུ་ཕྱིན་པ་དང་བསྟུན་ནས། ཅིའུ་ལུང་ནུབ་ཚུགས་ཀྱི་འགག་སྒོ་ནས་འགྲོ་འོང་བྱེད་མཁན་ཡང་མུ་མཐུད་མང་དུ་འགྲོ་བཞིན་ཡོད།

ཀོང་ཀྲོའུ་ལྷོ་ཚུགས་ཀྱི་འགྲུལ་སྐྱེལ་ལས་རེས་འགོ་འཛིན་དབྱི་ཀྲེང་གིས་ངོ་སྤྲོད་གནང་བར་གཞིགས་ན། སྤྱི་ཟླ་༤ཚེས་༡ཉིན་ནས་བཟུང་། ལྕགས་ལམ་སྡེ་ཚན་གྱིས་ཀོང་ཀྲོའུ་ནས་ཧྲེན་ཀྲེན་དང་ཤང་ཀང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ས་མཚམས་སྒྲོལ་བའི་མེ་འཁོར་༦༢མང་དུ་བཏང་ཡོད། ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཤང་ཀང་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བཟུང་འགྲུལ་པ་འགྲོ་སྐྱོད་ཀྱི་དགོས་མཁོ་ཡང་ཅུང་ཆེ་རུ་ཕྱིན་ནས། ལམ་ཐིག་ཧྲིལ་པོར་ཉིན་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་༢ཁྲི་༧སྟོང་ལས་བརྒལ་བ་དང་ཉིན་རེར་མང་ཤོས་སུ་མི་ཐེངས་༦ཁྲི་༧སྟོང་ལས་བརྒལ་ཡོད་པ་རེད།
ནང་ས་དང་ཤང་ཀང་དང་ཨའོ་མོན་དབར་གྱི་མི་སྣ་འགྲོ་འོང་དམ་ཟབ་བྱེད་པ་དེ་ལས་ཡུའེ་ཀང་ཨའོ་ཁུག་པ་ཆེ་མོའི་མཁྲེགས་འབྲེལ་མཉེན་འབྲེལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་མངོན་ཡོད། ཉེ་བའི་ལོ་འགའི་ནང་དུ། ཁུལ་པ་ཆེན་པོའི་ཁུལ་གྱི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་ཇེ་དམ་དུ་གྱུར་ཏེ། ཆུ་ཚོད་གཅིག་གི་འཚོ་བའི་བར་ཁྱམས་སྤྱིའི་ཆ་ནས་གྲུབ་ཡོད། ཤང་ཀང་དང་ཨའོ་མོན་གྱི་སྨན་རྫས་ཡོ་བྱད་ཤར་བགྲོད་དང་། ཁུལ་པ་ཆེན་པོའི་ཁུལ་གྱི་སྤྱི་ཚོགས་འགན་བཅོལ་ཤར་བགྲོད། ས་ཁོངས་ལས་སྒྲོལ་བའི་རྒྱུ་ནོར་བདག་སྐྱོང་ཤར་བགྲོད་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་དངོས་སུ་བཏོན་པ་དེས། རྒྱུ་རྐྱེན་གཙོ་བོ་འཁོར་སྐྱོད་བྱེད་པར་མི་ཕན་པའི་ལམ་ལུགས་ཀྱི་འགག་གནད་ཁྱད་བསད་བྱས་ཏེ་ཁུལ་པ་ཆེན་པོའི་ཁུལ་འཕེལ་རྒྱས་གཏོང་བར་ལམ་ལུགས་ཀྱི་བར་སྟོང་བཟང་པོ་བསྐྲུན་ཡོད།

ཀོང་ཏུང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ཏང་ཙུའུ་ཡི་ཁོངས་མི་ཤ་ཆིང་གིས། སྤྱི་ལོ་༢༠༢༠ལོ་ནས་བཟུང་ང་ཚོས་ཤང་ཀང་དང་ཨའོ་མོན་གྱི་གྲོང་མི་ཀོང་ཏུང་དུ་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་འགན་སྲུང་གི་ས་མཚམས་ལས་སྒྲོལ་བའི་ཞབས་འདེགས་ཞུ་སྟངས་ལེགས་སུ་ཕྱིན་ཡོད། འདི་ལོའི་སྤྱི་ཟླ་གཉིས་པའི་ཟླ་མཇུག་ཏུ་སླེབས་སྐབས་ཤང་ཀང་དང་ཨའོ་མོན་གྱི་གྲོང་མིས་ཀོང་ཏུང་དུ་རྒན་གསོ་དང་། ལས་རྨས། ལས་ཤོར་བཅས་ཀྱི་འགན་བཅོལ་ནང་ཁྱོན་མི་ཐེངས་གསུམ་འབུམ་དྲུག་སྟོང་ཉིས་བརྒྱ་ཞུགས་ཡོད་པ་དེའི་ནང་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་མཁན་མི་༣ཁྲི་༥སྟོང་༥བརྒྱ་ཟིན་ཡོད།
ཀྲུང་གོའི་སྒོ་དབྱེའི་ཚད་གཞི་མཐོ་ཤོས་དང་དཔལ་འབྱོར་གསོན་ཤུགས་ཆེ་ཤོས་ཀྱི་ས་ཁོངས་གྲས་ཤིག་ཡིན་པའི་ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་གྱིས་རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་སྤྱི་འདོམས་བེད་སྤྱོད་ཡག་པོ་བྱས་ནས་གོ་ལ་ཧྲིལ་པོའི་རྩེར་སོན་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་གཅིག་སྡུད་ཁུལ་གཏོད་བཞིན་ཡོད།
འདི་ལོའི་སྤྱི་ཟླ་གཉིས་པར་རྒྱལ་ཡོངས་ཀྱི་ཆིང་འབར་རྒྱུའི་གློག་རྫས་བསྒར་བའི་ འཇིམ་ཆུང་རླངས་འཁོར་གྱི་རྣམ་པ་ཆ་ཚང་བའི་གཞི་ཁྱོན་ཅན་གྱི་དཔེ་སྟོན་གཉེར་སྐྱོང་རྣམ་གྲངས་ཐོག་མར་ནན་ཧྲ་རུ་དོན་འཁྱོལ་བྱུང་བ་དང་། གཞི་ཁྱོན་སྒོར་དུང་ཕྱུར་༣༠༠ཟིན་པའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ཐེབས་རྩ་ཞིག་ཀྱང་ཀོང་ཀྲོའུ་རུ་བཙུགས་ཡོད། ཐེབས་རྩ་དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་དུང་ཕྱུར་ཁྲི་རིམ་པའི་༼རིག་ནུས་རླངས་འཁོར་གྲོང་ཁྱེར་༽བཏོད་དེ་མཐར་ཡུའེ་ཀང་ཨའོ་ཁུག་པོ་ཆེན་པོའི་ཁུལ་ཧྲིལ་པོར་ཁྱབ་འགྱེད་ཐུབ་པའི་ནུས་རྒྱུའི་འབྱུང་ཁམས་དང་། རིག་ནུས་དྲ་སྦྲེལ། རླངས་འཁོར་ཉིང་ལྷེབ་བཅས་ཐོན་ལས་ཆེན་པོ་གསུམ་གྱི་འབྱུང་ཁམས་ཡན་ལག་ཚོགས་པ་ཞིག་ཆགས་པ་བྱ་རྒྱུ་དེ་ཡིན་པ་རེད།

ཀོང་ཀྲོའུ་རླངས་འཁོར་ཚོགས་པའི་སྤྱི་ཁྱབ་སྤྱི་གཉེར་ཧྥེང་ཤིང་ཡ་ཡིས། ཡུའེ་ཀང་ཨའོ་ཁུལ་པ་ཆེན་པོའི་ཁུལ་ལ་གསར་གཏོད་ནུས་པ་ཆེ་བ་དང་། འགྲིམ་འགྲུལ་གྱི་རྨང་གཞི་ལེགས་པ། སྒོ་མོ་འབྱེད་རྒྱ་ཆེ་བ། ས་ཁོངས་མཉམ་འགུལ་ལེགས་པ་སོགས་ཀྱི་འགྲན་རྩོད་བཟང་ཆ་ལྡན་པས། འཛམ་གླིང་རིམ་པའི་རིག་ནུས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཚོགས་པ་གཏོད་རྒྱུར་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད་ཅེས་གསུངས་ཡོད།
སྤྱི་ལོ་༢༠༢༢ལོར། གནོན་ཤུགས་སྣ་ཚོགས་ཀྱི་མདུན་དུ། ཡུའེ་ཀང་ཨའོ་ཁུལ་པ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་ལས་གསོན་ཤུགས་དང་མཉེན་ཤུགས་ཅུང་ཆེ་བ་མངོན་ཡོད། ཁུག་པ་ཆེན་པོའི་ཁུལ་གྱི་ནང་སའི་གྲོང་ཁྱེར་༩ཡི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཆིག་འབུམ་ལས་བརྒལ་བའི་ཁར། ཤང་ཀང་དང་ཨའོ་མོན་གཉིས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྣན་ན། ཡུའེ་ཀང་ཨའོ་ཁུལ་པ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཆིག་འབུམ་གསུམ་ཁྲི་ལས་བརྒལ་ཡོད། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། མ་རྩ་དང་། ལག་རྩལ། ཤེས་ལྡན་པ་སོགས་འགག་རྩའི་རྒྱུ་རྐྱེན་སྔར་བས་འཁོར་རྒྱུག་ཐུབ་ནས་ཁུག་པ་ཆེ་མོའི་ཁུལ་དུ་དེ་བས་གསོན་ཤུགས་འཕེལ་བཞིན་ཡོད། ཀོང་ཏུང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲུའུ་ཝུའེ་ཡིས། ཧེང་ཆིན་དང་། ཆན་ཧའེ། ནན་ཧྲ་སོགས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཉམ་ལས་སྟེགས་བུ་གལ་ཆེན་གཞི་རྟེན་དུ་བྱས་ཏེ། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱི་སྒྲིག་སྲོལ་གཅིག་སྡུད་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། ས་ཚིགས་ནས་ས་ཁུལ་ལ་སྐུལ་ཁྲིད་བྱས་ཏེ་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་ནུས་ཆེ་དང་སྟབས་བདེའི་ངང་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁུག་པ་ཆེན་པོའི་ཁུལ་གྱི་ཁྲོམ་ར་གཞི་གཅིག་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བརྒྱུད། ཡུའེ་ཀང་ཨའོ་ཁུལ་པ་ཆེན་པོའི་ཁུལ་དེ་ཉིད་འཛམ་གླིང་རིམ་པའི་ཁུག་པ་ཆེན་པོའི་ཁུལ་དང་འཕེལ་རྒྱས་ཡག་ཤོས་ཀྱི་ཁུག་པ་ཆེན་པོའི་ཁུལ་དུ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:སྐབས་༢༠པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་ཞིབ་བཅའ་སྡོད་ལས་དོན་ལེགས་སྒྲུབ་བྱུང་བ།
  • ལེ་ཚན་རྗེས་མ།:གཏམ་བཟང་། ཀྲུང་གོའི་བོད་སྨན་ཐོན་ཁུངས་མཛོད་བསྐྲུན་འདུག
  • དོ་སྣང་ཆེ་བའི་རྩོམ།