སྒྱུ་འཕྲུལ་མ། 2023-04-12
གནའ་ནས་ད་ལྟའི་བར་དུ། །
བཤད་ན་ལོ་རྒྱུས་རིང་ཞིང་། །
ཉན་ན་ཡིད་སེམས་སྐྱོ་བའི། །
མ་སྐྱེས་ཨ་མ་ལོ་ལོ། །
ཁྱེད་ཀྱི་ཞལ་རས་མཐོང་བས། །
ཚངས་དབྱངས་རྒྱ་མཚོའི་རྨི་ལམ། །
ཁྱོད་ཀྱིས་བརྐུས་པ་བདེན་ནམ། །
ཚངས་མགུར་ཡང་ཡང་བཀླགས་པས། །
ཁྱེད་རང་མཛེས་རབས་བཤད་ཀི། །
དངོས་གནས་དེ་འདྲ་ཡིན་ནམ། །
ཡིད་འཕྲོག་ཡིད་ལ་དྲན་པས། །
སེམས་གསོའི་བརྩེ་བ་གནང་ཟེར། །
གལ་ཏེ་བདེན་པར་འདུག་ན། །
ཁྱེད་ལ་ཐུག་ཀྱང་ལོས་ཆོག །
ཕོ་གཞོན་གཏམ་རྒྱུད་སྐྱུར་བོ། །
ལུས་དྲི་ཞིམ་པའི་བུ་མོས། །
ལྷ་སའི་ཁྲོམ་ལ་བཞག་ཟེར། །
ཚངས་དབྱངས་སེམས་པ་ན་བའི། །
ཨ་མའི་ཞལ་རས་སྣུམ་པོར། །
སེམས་པ་ཡང་ཡང་ཤོར་བས། །
བར་བསྐོར་གླིང་ནས་འཁྱམ་ཟེར། །
ངང་པ་འདམ་ལ་མ་ཆགས། །
དུང་བ་སུ་ལ་མ་བྱིན། །
ཁྱེད་དང་ཚོང་འདུས་བུ་མོའི། །
ཚིག་གསུམ་དམ་བཅའི་མདུད་པ། །
རང་རང་ས་ནས་གྲོལ་ཏེ། །
ཁྱོད་རང་གཅིག་པུ་འཁྱམས་ནས། །
ས་མཐའ་བསྐོར་བ་བདེན་ནམ། །
བྱམས་པའི་ལས་འཕྲོ་ཟད་པས། །
བཙལ་ཀྱང་ལས་ཀྱིས་མ་རྙེད། །
བོས་ཀྱང་ཕྱིར་མིག་མ་འཕང་། །
སེམས་སོང་བུ་མོ་མ་བཞུགས། །
དམ་པའི་ཆོས་ལ་ཕེབས་ནས། །
ཕོ་གཞོན་ཁྱེད་ཀྱང་མ་སྡོད། །
རྒྱལ་ཁམས་བསྐོར་བ་བདེན་ནམ། །
རྩོམ་གསར། 10