ཀྲུང་གུང་ཀྲུང་དབྱང་གིས《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》དང་པོ་དང་གཉིས་པ་སློབ་སྦྱོང་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་བ།

    མི་དམངས་དྲ་བ།    2023-04-13

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》དང་པོ་དང་གཉིས་པ་སློབ་སྦྱོང་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་བ་རེད། བརྡ་ཐོའི་ནང་དོན་ཆ་ཚང་གཤམ་གསལ་ཏེ།
     《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པ་ནི་ཏང་ཀྲུང་དབྱང་གི་གཏན་འབེབས་གལ་ཆེན་ཞིག་རེད། ད་ལྟ《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》དང་པོ་དང་གཉིས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཟིན་པས། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད།
     《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2012ལོའི་ཟླ་11པ་ནས་2022ལོའི་ཟླ་10པའི་བར་དུ་བརྩམས་གནང་བའི་གསུང་རྩོམ་གལ་ཆེན་བདམས་བསྒྲིགས་བྱས་ཡོད། གསུང་རྩོམ་གལ་ཆེན་དེ་དག་གི་ནང་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འཐབ་རྩོད་རླབས་པོ་ཆེ་བྱས་པ་དང་། འདུ་འགོད་རླབས་པོ་ཆེ་འཛུགས་སྐྲུན་བྱས་པ། བྱ་གཞག་རླབས་པོ་ཆེར་སྐུལ་འདེད་བཏང་བ། ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ལོ་རྒྱུས་ཀྱི་འཕེལ་རིམ་བཏོད་པ་བཅས་གསོན་ཉམས་དོད་པོས་བཀོད་པ་དང་། རང་རེའི་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་བསྐྱོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་བཏང་བ་བཅས་ཀྱི་ཉམས་མྱོང་རྩ་ཆེན་ལ་ཚན་རིག་དང་མཐུན་པའི་ངང་ཕྱོགས་སྡོམ་བྱས་པ། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་ཀྲུང་གོའི་དོན་དངོས་ཞིབ་ཕྲ་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བར་ཐོབ་པའི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་གཅིག་སྡུད་མངོན་པར་བྱས་ཡོད། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་དབང་གྲགས་ལྡན་པའི་བསླབ་གཞི་ཞིག་རེད། 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》སློབ་སྦྱོང་ནན་ཏན་བྱེད་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་ཧུར་ཐག་གཏོང་བའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད།
     《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》སློབ་སྦྱོང་བྱེད་པར། རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ཀྱི་འཕེལ་རྒྱས་འགྱུར་ལྡོག་དང་འབྲེལ་བ་དམ་ཟབ་བྱེད་དགོས་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་ལས་འགན་མངོན་འགྱུར་བྱེད་པར་དམིགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདུ་ཤེས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་ཆེ་རུ་བཏང་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་འབད་བརྩོན་ཧུར་ཐག་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཡིན་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་བ་ཡིན་པ་བཅས་ཤེས་རྟོགས་གཏིང་ཟབ་བྱེད་དགོས་ཤིང་། དགོངས་པ་དེ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་དང་། མཐོང་རྒྱ་གསར་རྐྱང་གི་ཐོག་ནས་གུང་ཁྲན་ཏང་གི་སྲིད་འཛིན་གྱི་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་ཐུབ་ཚུལ་གཏིང་ཟབ་ཏུ་བཏང་བ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དེང་རབས་ཅན་གྱི་ཡུལ་ཁམས་གསར་པ་བཏོད་པ་བཅས་ལ་ངོས་འཛིན་གསལ་པོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དོན་སྙིང་གལ་ཆེན་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱེད་དགོས་ཤིང་། དགོངས་པ་དེས་མར་ཁེ་སི་རིང་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་བར་ཐོག་མའི་གསར་རྩོམ་རང་བཞིན་གྱི་ལེགས་སྐྱེས་ཕུལ་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་བ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་འཛམ་གླིང་རང་བཞིན་གྱི་ལེགས་སྐྱེས་ཕུལ་བ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་ཤེས་རྟོགས་གཏིང་ཟབ་བྱེད་དགོས་ཤིང་། དགོངས་པ་དེ་ནི་དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེར་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པའི་འཕོ་འགྱུར་རླབས་པོ་ཆེར་སྣེ་ཁྲིད་བྱེད་པའི་བསམ་བློའི་མཚོན་ཆ་ཆེན་པོ་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་བྱས་པར་ངོས་འཛིན་གང་ལེགས་བྱེད་དགོས།
     《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》སློབ་སྦྱོང་བྱེད་པར། ངེས་པར་དུ་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱིས་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་སྟེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། གནད་དོན་གྱི་སྟོན་ཕྱོགས་དང་། ལག་ལེན་གྱི་སྟོན་ཕྱོགས། དགོས་མཁོའི་སྟོན་ཕྱོགས་བཅས་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་དོན་དངོས་དང་བསམ་བློའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་ཕུགས་བསམ་བརྟན་དུ་གཏོང་བ་དང་ཏང་གཤིས་ལ་ཞུན་བརྡར་གཏོང་བའི་ཚད་མཐོའི་རང་རྟོགས་དང་རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ལ་འགྱུར་བ་ཏན་ཏིག་བྱེད་དགོས།
     བརྡ་ཐོའི་ནང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》དེ་སློབ་སྦྱོང་གི་འཆར་གཞིའི་ནང་བཅུག་ནས་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཁ་གསལ་ལོན་པར་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། རིམ་ཁག་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང)དང་ལས་བྱེད་པའི་སློབ་གླིང་གིས《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》དེ་གསོ་སྦྱོང་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་ནང་བཅུག་ནས་བགྲོ་གླེང་འཛིན་གྲྭ་དང་། གསོ་སྦྱོང་འཛིན་གྲྭ སློབ་སྦྱོང་འཛིན་གྲྭ་བཅས་སྣ་ཚོགས་གཉེར་ཏེ་རྣམ་པ་མང་བ་དང་། རིམ་པ་དབྱེ་བ། ཡོངས་སུ་ཁྱབ་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། མཐོ་སློབ་ཁག་གིས《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》དེ་དགེ་སློབ་ཚོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་བསླབ་གཞིར་བརྩིས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་དེབ་ནང་འཁོད་པ་དང་། སློབ་ཚན་ཁྲིད་པ། བློ་ལ་ངེས་པ་བཅས་བྱ་རྒྱུར་དེ་བས་སྐུལ་འདེད་ཡག་པོ་གཏོང་དགོས་པ། རིམ་ཁག་ཏང་ཨུད་ཀྱི་དྲིལ་བསྒྲགས་སྡེ་ཚན་དང་རྩ་འཛུགས་སྡེ་ཚན་གྱིས་སློབ་སྦྱོང་ལ་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། དྲིལ་བསྒྲགས་འཕྲིན་སྤེལ་ཡག་པོ་བྱེད་པ་དང་སྒྲོག་འགྲེལ་འོས་སྦྱོར་སྒྲིག་འཛུགས་ཡག་པོ་བྱས་ནས་སློབ་སྦྱོང་དེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གི་དཔེ་ཆ་འདི་ཚོ་དཔར་འགྲེམས་བྱས་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།