བརྗེད་ཐབས་མི་འདུག།

ཁངས་མ།        2023-04-14

མཐིང་མདོག་གི་ནམ་མཁའ་དྭངས་པའི་དུས་དེར།།

གློ་བུར་དུ་འཚུབ་པའི་རླུང་ནག་རྒོད་པོས།།

ཚེ་སྲོག་གི་སྤྲིན་དཀར་དུམ་བུར་གཏོར་ཏེ།།

ངུ་འབོད་དང་གདུང་བས་ཡུལ་དེ་ལད་སོང་།།

ཉམ་ཆུང་གི་ཚེ་སྲོག་གྲངས་ལས་འདས་པ།།

ས་རྡུལ་གྱི་འོག་ཏུ་ཤོར་བ་མིན་ན།།

འཇིགས་སྣང་གི་ངུད་མོ་འཐེན་དགོས་མེད་ལ།།

བར་སྣང་དུ་དུ་ནག་འཁྲིགས་དོན་མི་འདུག།

དཔྱིད་གསུམ་གྱི་མཛེས་སྡུག་རོལ་ལ་ཉེ་སྐབས།།

རླུང་ནག་དེས་ཡོངས་སུ་རྒོལ་བར་བྱེད་དུས།།

སྙི་དྲགས་པའི་སྲོག་ལ་གསོན་ཤུགས་མེད་པར།།

འཇིགས་རུང་གི་གཤིན་སར་ཡོངས་སུ་བརྫངས་སོང་།།

ལས་སྣང་གིས་བསྡུས་གཟུགས་ཞེད་སྣང་ཁྲོད་ནས།།

འཇིག་རྟེན་ནས་འཇིག་རྟེན་ཕ་རོལ་ཆས་པའི།།

ཁྱེད་ཅག་ནི་བགྲང་བྱ་དུ་མར་འདས་ཀྱང་།།

བཞི་པའི་བཅུ་བཞི་དེ་བརྗེད་ཐབས་མི་འདུག།



  • ལེ་ཚན་སྔོན་མ།:མཚན་ལ་སྙིང་གཏམ་བཤད་སའི་བུ་མོ་དེ།
  • ལེ་ཚན་རྗེས་མ།:རྒྱན་དུ་འཛོམས།