རྒྱན་དུ་འཛོམས།

སྟག་རིག་འབྲུག་ཐར།        2023-04-14

ཁྲི་གདུགས་ཉི་མའི་ཟེར་དང་གཅིག །

དུང་ཟླ་དཀར་པོའི་འོད་དང་གཉིས། །

སྐར་ཚོགས་ཕྲ་མོའི་འཛུམ་དང་གསུམ། །

ཨ་སྔོན་དགུང་གི་རྒྱན་དུ་འཛོམས། །

གསེར་ལྡན་རི་བོ་བརྗིད་དང་གཅིག།

དལ་འབབ་ཆུ་མོ་གཙང་དང་གཉིས། །

སྤོས་ལྡན་ནགས་ཀླུང་ཕྱུག་དང་གསུམ། །

སྣོད་བཅུད་གཡང་གི་རྒྱན་དུ་འཛོམས། །

གཡུ་འབྲུག་སྔོན་མོའི་གསུང་དང་གཅིག །

སྦྲང་ཆར་བསིལ་མའི་དངོས་གྲུབ་གཉིས།།

ས་གཞིར་དྲོད་གཤེར་འཛོམས་དང་གསུམ། །

རྩི་བཅུད་སྨིན་པའི་རྒྱན་དུ་འཛོམས། །

ཟབ་ཡངས་རྒྱ་མཚོ་འཁྱིལ་དང་གཅིག།

ལྟོ་དཀར་ཉ་མོ་འཁྱུག་དང་གཉིས། །

ནོར་བུ་དཔུང་འཇོམས་འཕེལ་དང་གསུམ། །

འོག་ཕྱོགས་ཀླུ་ཡི་རྒྱན་དུ་འཛོམས། །

ཁུ་བྱུག་གསུང་སྐད་སྙན་དང་གཅིག།

སྔོ་ལྗང་གཡུ་ལོ་ལྡེམ་དང་གཉིས། །

དངོས་གྲུབ་སྦྲང་ཆར་འཇོ་དང་གསུམ། །

དཔྱིད་དཔལ་བསུ་བའི་རྒྱན་དུ་འཛོམས། །

རྩི་ཏོག་སྣ་ལྔ་འཁྲུངས་དང་གཅིག །

དཀར་ནག་ཕྱུགས་རིགས་བཀྲམ་དང་གཉིས།།

རྫི་བོའི་དྲུག་འགྱུར་སྙན་དང་གསུམ། །

རྩྭ་ཐང་ཡངས་པོའི་རྒྱན་དུ་འཛོམས། །

ཡངས་ཤིང་རྒྱ་ཆེའི་མཁའ་ལམ་གཅིག།

སྐྱི་བསེར་རླུང་གི་དཔུང་ཡ་གཉིས། །

གཤོག་དྲུག་རྒོད་པོ་མཐུར་མེད་གསུམ། །

ནམ་འཕང་གཅོད་པའི་རྒྱན་དུ་འཛོམས། །

བྱམས་ལྡན་དྲིན་ཆེན་ཕ་མ་གཅིག།

མཛའ་གཅུགས་རྡོ་རྗེ་ཕུ་ནུ་གཉིས། །

ཆེ་བཀུར་ཆུང་བྱམས་འཆམ་དང་གསུམ།།

གཡང་ཁྱིམ་སྐྱིད་པའི་རྒྱན་དུ་འཛོམས།།

མཁྱེན་དཔྱོད་ཡངས་པའི་བཤེས་གཉེན་གཅིག།

བློ་རིག་གྲིམ་པའི་སློབ་བུ་གཉིས། །

ཤེས་ཡོན་བཀྲ་བའི་དཔེ་དེབ་གསུམ། །

སློབ་རའི་གླིང་གི་རྒྱན་དུ་འཛོམས། །

སྙན་འགྱུར་ཁུ་བྱུག་གདངས་དང་གཅིག།

སྟངས་སྟབས་རྨ་བྱའི་ལྡེམ་འགྲོས་གཉིས། །

འཛུམ་དཀར་པད་མོ་དགོད་དང་གསུམ།།

གར་སྟེགས་སྡིངས་ཆའི་རྒྱན་དུ་འཛོམས། །

ཞིམ་མངར་ཐུད་ཀྱི་སྡེར་ཁ་གཅིག།

ཤིང་འབྲས་མངར་ཆའི་རི་རབ་གཉིས། །

ཇ་ཆང་མཚོ་མོའི་སྐྱེམས་བཟང་གསུམ། །

རྟགས་དང་སྟོན་མོའི་རྒྱན་དུ་འཛོམས། །

གནམ་ལ་རྒྱུ་སྐར་འཕྲོད་དང་གཅིག།

བར་ན་རྟེན་འབྲེལ་འགྲིག་དང་གཉིས། །

ས་ལ་སྲིད་པའི་དུས་བཟང་གསུམ། །

བཀྲ་ཤིས་ཉི་མའི་རྒྱན་དུ་འཛོམས། །

རབ་དཀར་འོ་མའི་ཤོག་བུ་གཅིག།

སྨྱུག་ཆུང་ཕྲ་མོའི་གར་སྟབས་གཉིས། །

ཚོར་རྟོག་རྣོན་པོའི་འགྱུ་བག་གསུམ། །

སྙན་ངག་མཆོད་པའི་རྒྱན་དུ་འཛོམས། །


  • ལེ་ཚན་སྔོན་མ།:བརྗེད་ཐབས་མི་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།