ཚེ་སྲོག་གི་གཟུངས་ཐག་དམར་པོ།

བདག་མེད་པ།        2023-03-03

དུས་ཚོད་ཀྱི་ཞགས་སྣེར་དྲུད་པའི་ཚེ་ཡི་

གཟུགས་དང་གྲིབ་མ།

ཡང་ན། བརྩེ་བའི་རྒྱུན་ཐག་ཏུ་བསྲིངས་པའི་

དམར་ཆུང་གི་སེམས་དང་དེའི་ཕྱི་ནང་།

སྐྱོ་བ་ཉི་འོད་ལ་འདྲེས་བཞིན་སེམས་སུ་བབས།

སྙིང་དུ་སྡུག་པའི་ངོ་གདོང་དེ་དག་ཀྱང་།

ཉི་འོད་ཀློང་ནས་རྒས་པར་གྱུར།

ལོ་ཟླ་སྐྱ་བོའི་ལྟེབས་ཁུག་ཏུ་བསྐྱིལ་བའི་

དམར་སེར་གྱི་ཚོས་ཁ་སྨིན་པའི་

གཡའ་ཤིང་གི་ལོ་མ།

དལ་བུར་རླུང་གིས་སྐྱོད་བཞིན་སེམས་

པའི་གཞོངས་ལ་ལྷུང་།

ཞི་འཇམ་གྱི་གོམ་སྒྲ།

ང་ཡི་མིག་ལ་ཡང་ཡང་ཐོགས།

གཤོག་པ་མེད་པའི་སེམས་པ་འདི།

མཚན་མོའི་གཟུགས་རེག་ཐུབ་པའི་

མིག་དང་ལུས་ཀྱི་དབང་པོའོ།།

ཡང་ན། གཟུགས་རེག་གི་ཁམས་སུ་དོད་

པའི་སྐྱོ་སྣང་གི་ཆ་བྱད།

སེམས་པའི་གཏིང་དུ་འབབ་དགོས་པ་དེའོ།།

རང་སྣང་གི་སོར་མོ་རྒྱུད་སྐུད་དུ་ཕྲད་པའི་

རོལ་མོ་ཟ་ཟི།

སུ་ཞིག་གི་རྣ་བར་བབས་ཏེ་སེམས་གཏིང་

དུ་ལྷུང་ན།

དེ་ནི་ཅིས་ཀྱང་མུ་ཏིག་ལྟ་བུའི་མིག་ཆུ་

ཞིག་ཅི་ལ་མིན།

མངོན་ཤེས་ཀྱི་སྤྱན་ཟུང་ཐོགས་པའི་ང་ཡི་ལྷ་ཚོགས།

མུན་པའི་ཞིང་ཐང་དུ་སྐྱེས་པའི་ཚེ་སྲོག་རེ་རེའི་

ཁྲག་དམར་གྱི་ལག་པ་དེ་བཀྲུ་རོགས།

འཁོར་གསུམ་རི་ལ་བཙུགས་ཏེ་རྩེ་རུ་

བ་དན་བཏགས་པ་ནས་

ཆེས་རྣམ་དག་གི་ང་ཚོས་

དཀོན་མཆོག་གི་བྱིན་རླབས་དང་།

གཞི་བདག་གི་བསྐྱོར་མ་ནམ་ཡང་ང་ཚོ་དང་

ལྷན་དུ་ཡོད་པར་བསམས།

མཁའ་རླུང་གི་ནང་དུ་བསྲེས་པའི་

མི་མངོན་པའི་གཟུགས་དང་དྲི་མ་དག།

ང་ཡི་ཕྲག་མགོར་གཉའ་སྒའི་ཚུལ་དུ་ལྡང་བཞིན།

ལྗིད་ཏིག་གེར་སེམས་ཀྱི་ཉིན་སྲིབ་ཏུ་

ཤེད་ཀྱིས་འཚང་།

ལོ་ཟླའི་གཙང་པོ་བྲི་བྲུབ་ཀྱིས་གཡོས་པས།

ཚེ་སྲོག་གི་གཟུངས་ཐག་དམར་པོ།

ཨ་སྔོན་དབྱིངས་སུ་འཕུར་བའི་བྱེའུ་ཆུང་

ཞིག་དང་འདྲ་བར་

ཇི་འདྲའི་ཉམ་ཆུང་ཨང་།

ཇི་འདྲའི་ཉམ་ཆུང་ཨང་།



  • ལེ་ཚན་སྔོན་མ།:སྙིང་ཐུབ་ཀྱི་མི་ལ་གསེར་གྱི་འདང་ཞིག་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།