རྨ་འགྲམ་ནས་སྤྲིངས་པའི་འཕྲིན།

སྒྱུ་འཕྲུལ་མ།        2023-01-13

བཀའ་དྲིན་རི་རབ་ལས་དཔངས་མཐོ་ཞིང་དུང་བ་མཚོ་མོ་ལས་གཏིང་ཟབ་པའི་ཨ་མྱེ་དང་ཨ་ཕྱི་དྲན་པའི་ཚོར་འདུ་སྨྱུག་རྩེར་ཕབ་པའི་འཕྲིན།

ཆུ་ཕོ་སྟག་ལོའི་གནམ་ལོ་གསར་པ་ཤར་རིའི་རྩེ་ནས་ཚེས་དུས། ངས་རི་ཆུ་སྟོང་ཕྲག་གི་ཕ་རོལ་ནས་བརྩེ་བ་བརྒྱ་ཕྲག་གིས་བཅངས་པའི་སེམས་པ་དེས་དྲན་པ་ཡོད་ཚད་སྨྱུག་རྩེར་དྲངས་ཏེ་བྱམས་ལྡན་གྱི་ཨ་མྱེ་དང་ཨ་ཕྱི་གཉིས་ཀྱི་དགེ་སེམས་རབ་ཏུ་བརྟན་ཅིང་སྐུ་ལུས་རི་བཞིན་བརྟན་པའི་སྨོན་ལམ་དང་འཚམས་འདྲི་ཞུ་བཞིན་ཡོད།

དེ་རིང་བོད་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་རེད། ཉིན་འདིར་ཁྱེད་གཉིས་ཀྱིས་རྒྱང་རིང་རྒྱང་རིང་ཞིག་ན་སེམས་པ་ང་ལ་སྲིང་བཞིན་སྐྱབས་འཇུག་དང་སྨོན་ལམ་འདེབས་ཀྱིན་ཡོད་པ་ལྷོ་མཐའི་སྤྲིན་པ་དཀར་པོ་དེས་ང་ལ་བཤད་བཞིན་པ་འདྲ། སྤྱིར་བཏང་། བརྡ་འཕྲིན་གྱི་རྦ་རླབས་རབ་ཏུ་གཡོ་བའི་དུས་རབས་འདིར། ང་ཚོ་ཁ་པར་དང་དྲྭ་ལམ་གང་རུང་ནས་བརྙན་མིག་བརྒྱུད་དེ་ཁ་བརྡ་ལྷོད་ཀྱིས་བྱེད་ཆོག། ཡིན་ན་ཡང་དུས་ཚོད་ཀྱི་ཁོམ་ལོང་དང་བྱ་བའི་བྲེལ་གསེང་གིས་རྟེན་འབྲེལ་གྱིས་སྨོན་ཚིག་ཅིག་ཀྱང་ཕུལ་མ་ཐུབ་པས་ད་ལྟ་ང་རང་གཅིག་པུ་རྨ་འགྲམ་གྱི་གྲུ་ག་ཞིག་ན་ཡིད་སེམས་ས་ལ་ལྷུང་ནས་ཡོད།

བདག་ལ་ཤིན་ཏུ་གཅེས་པའི་ཨ་མྱེ་དང་ཨ་ཕྱི་ལགས། རྟག་པར་ཁྱེད་གཉིས་ཀྱིས་ང་ལ་བཤད་པའི་གསུང་རྣ་བའི་བུ་རམ་དེ་དག་ཁྲི་གདུགས་ཉི་མའི་འཛུམ་ཟེར་དང་ལྷན་དུ་འཕགས་དུས། ངས་ཁྱེད་གཉིས་ལྷག་ཏུ་དྲན་པར་མ་ཟད། སྙིང་ཁར་ཅིག་གིས་བརྒྱབ་སོང་བ་ལྟ་བུའི་ཚོར་འདུ་ཞིག་ངང་གིས་འཁོར་ཡོང་། ཅི་ཁག། ང་རང་ཁྱེད་གཉིས་ལ་བརྩེ་བ་རི་རབ་འདྲ་ཞིག་དང་དུང་བ་མཚོ་མོ་འདྲ་ཞིག་ཡོད་པས་ཡིན། ཨ་མྱེ་དང་ཨ་ཕྱི་ལགས། ཁྱེད་གཉིས་ཀྱིས་ང་རང་གཅེས་སྐྱོང་གི་ལོ་ཟླའི་ཁྲོད་ནས་དཀའ་ལས་དང་སྐུ་ཚེགས་མྱངས་པ་མང་དྲགས་སོང་།

ཨ་མྱེ་དང་ཨ་ཕྱི་ལགས། ཁྱེད་གཉིས་ཀྱིས་ང་ལ་ཡང་ཡང་གདམས་མྱོང་བ་བཞིན། སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་བརྩོན་གྱི་འདུན་པ་ཆེ་བའི་ཕོ་རྒོད་ཅིག་ཡིན་ན་དཀའ་སྡུག་ལ་གདོང་གཏད་དེ་སློབ་སྦྱོང་བྱོས། མ་འོངས་པ་ན་ས་གནས་རེར་ཕན་པ་རེ་སྒྲུབ་ཐུབ་ན་རང་གིས་རིག་གནས་སྦྱོང་བའི་དགོས་པ་དང་ང་ཚོའི་ཡབ་མེས་དག་གི་ལ་རྒྱ་ཟིན་པ་ཡིན་ཞེས་བཤད་མྱོང་བ་དེ་ཚོ་ཡིད་ལ་ཐོལ་གྱིས་ཤར་ཡོང་གིན་འདུག། བཀའ་དྲིན་ཆེ།

  • ལེ་ཚན་སྔོན་མ།:མཇུག་མཐའི་གྱེས་བྲལ་དང་འཕྲིན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།