ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོག་འགོ་ཚུགས།

ཡེ་མགོན་གྱིས་བསྒྱུར།        2023-01-12

ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོག་འགོ་ཚུགས།

ཝང་ཞའོ་ཧུའེ་ཡིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་ཚོགས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་གནང་། ཧོང་ཆང་གིས་སྲིད་གཞུང་ལས་ཀའི་སྙན་སེང་ཕུལ། ཐེན་ཞང་ལི་ཚོགས་ཆེན་ལ་ཞུགས།


ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོག་འགོ་ཚུགས།

   

སྤྱི་ཟླ་དང་པོའི་ཚེས11ཉིན་གྱི་སྔ་དྲོར། དུས་རབས་གསར་པར་བསྐྱོད་ནས་རྒྱང་སྐྱོད་ལམ་གསར་གཏོད། སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོ་ཁྲེང་ཏུའུ་རུ་འཚོག་འགོ་བཙུགས། སི་ཁྲོན་མི་དམངས་ཁྲི9100ཡི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་སྐབས་གསར་པའི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི800ལྷག་ཙམ་ཅིན་ཅང་ཚོགས་ཁང་ཆེན་མོའི་ནང་བསྐྱོད་དེ་བཅའ་ཁྲིམས་ལྟར་བླ་ན་མེད་པའི་འགན་འཁྲི་བསྒྲུབས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་སི་ཁྲོན་ལེའུ་གཏོད་པར་འཐུས་མིའི་སྟོབས་ཤུགས་ཀྱི་བྱས་རྗེས་བཞག་པ་རེད།

ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི880ཡིན་ཞིང་།དངོས་སུ་ཞུགས་པའི་འཐུས་མི853ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་རེད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།འགོ་ཚུགས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཝང་ཞའོ་ཧུའེ་ཡིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།འགོ་ཚུགས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཡུས་ལི་ཅུན།ཝང་ཉིང་།ཝང་ཡན་ཧྥེ།ཏེང་ཡུང་།ཝང་དབྱི་ཧུང་།དབྱང་ཧོང་པོ།ཕེང་ལིན།སུང་ཁྲའོ་ཧྭ།ཝང་ཧྥེ།ལིའུ་ཕིང་།ཧོ་ཡན་ཀྲེང་།ཅ་རུའེ་ཡུན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། ཧོང་ཆང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་མཛད་ནས་ལས་དོན་གྱི་སྙན་སེང་ཞུས། ཐེན་ཞང་ལི་སོགས་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད9པར། ཝང་ཞའོ་ཧུའེ་ཡིས་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་། ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཧོང་ཆང་གིས་སྲིད་གཞུང་གི་ལས་དོན་གྱི་སྙན་སེང་ཞུས། སྙན་སེང་ཁག་བཞི་ལ་བགོས་ཡོད་པ་སྟེ།གཅིག།འདས་པའི་ལོ་ལྔ་དང2022ལོའི་ལས་དོན་ལ་ཕྱིར་དྲན་བྱས་པ། གཉིས།ཕྱིན་ཆད་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་གཙོ་གནད་ལས་འགན། གསུམ།2023ལོའི་ལས་དོན་བཀོད་སྒྲིག་བྱེད་སྟངས་ཀྱི་གྲོས་འགོ། བཞི།རྒྱང་སྐྱོད་ལམ་གསར་དུ་སྲིད་གཞུང་གི་འགན་འཁྲི་དང་ལས་འགན་དེ་བས་ཡག་པོ་འཁུར་རྒྱུ།

ཧོང་ཆང་གིས་གསུངས་དོན། འདས་པའི་ལོ་ལྔའི་ནང་སི་ཁྲོན་གྱིས་སྤྱིར་བཏང་གཏན་ནས་མིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་བརྒྱུད་ཡོད། སྐབས་འདིའི་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྲིད་སྟོན་དུ་བྱས་ནས་སྤྱི་ཁྱབ་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། འཕེལ་རྒྱས་གསར་པའི་འདུ་ཤེས་ཆ་ཚང་དང་གནད་དུ་འཁེལ། 

ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང། འཕེལ་རྒྱས་གསར་པའི་ཆགས་ཚུལ་ལ་མ་སྐུལ་དང་བླངས་ཀྱིས་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ་ཡིན། འཕེལ་རྒྱས་སྤུས་ཚད་མཐོན་པོ་རྒྱུན་མཐའ་འཁྱོངས་ནས་རིམས་ནད་འགོག་ཟོན་བཙན་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”བདེ་བླག་ངང་མཇུག་བསྡུ་བ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འགོ་ཡག་པོ་བཙུགས་པ་བཅས་བྱས་ནས་དུས་རབས་གསར་པའི་སི་ཁྲོན་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

ཧོང་ཆང་གིས་འདས་པའི་ལོ་ལྔའི་རིང་གི་ལས་ཀར་ཕྱིར་དྲན་དང་ཕྱོགས་བསྡོམས་གནང་བ་རེད། ལོ་ལྔའི་རིང་།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དངོས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་།ས་ཁོངས་འཕེལ་རྒྱས་སྔར་བས་མཐུན་སྦྱོར་ཡོང་བ།ཐོན་ལས་ཀྱི་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ།བཅོས་བསྒྱུར་སྒོ་འབྱེད་ཚད་བརྒལ་ཟབ་མོ་ཡོང་བ།མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད། ང་ཚོས་འགག་སྒྲོལ་དམག་འཐབ་དྲག་པོ་བརྒྱབ་པ་དང་།ནུས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་དམ་འཛིན་བྱས་པ།ཉེན་ཁ་དེ་གོ་སྐབས་སུ་བསྒྱུར་བར་ཆགས་ཚུལ་གསར་པ་བཏོད་ཡོད། གཙོ་བོ་གཤམ་གྱི་ལས་དོན་ཁག་བསྒྲུབས་པ་སྟེ།གཅིག་ནི་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཤིན་ཏུ་དབུལ་པོའི་མཁར་རྫོང་གཏོར་ནས་དུས་བཀག་ལྟར་དབུལ་ཐར་འགག་སྒྲོལ་གྱི་སི་ཁྲོན་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྟོང་ལོའི་ཕུགས་འདུན་བདེ་བླག་ངང་མངོན་དུ་འགྱུར། གཉིས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་ཞུ་དང་མཉམ་འདྲེས་བྱས་ཏེ་གོ་སྐབས་དམ་འཛིན་བྱས་ནས་འབྱུང་འགྱུར་ལ་རྨང་གཞི་བཏིང་བའི་དོན་ཆེན་ཁག་གཅིག་བསྒྲུབས་པར་བརྟེན།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་མངའ་ཁོངས་ལ་ཆགས་སྟངས་རང་བཞིན་གྱི་འགྱུར་ལྡོག་བྱུང་། གསུམ་ནི་ལེགས་ཆ་གསར་གཏོད་དང་ཁྱད་འཕགས་ལེགས་སྒྱུར་བྱས་ནས་དངོས་གཉེར་དཔལ་འབྱོར་སྟོབས་ལྡན་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ཇེ་མགྱོགས་བྱས་ནས་སྒུལ་ཤུགས་གསར་རྙིང་རྒྱུན་མཐུད་དུ་བརྗེ་སྒྱུར་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། བཞི་ནི་སྔར་བཏོན་མ་མྱོང་བའི་ནུས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་བཅོས་དང་འཕེལ་ཕྱོགས་རང་བཞིན་ཡག་པོར་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོའི་ལེགས་ཆའི་གནས་བབ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ལྔ་ནི་མཐའ་ཚད་བསམ་གཞིག་དང་མཐརགཏུག་བསམ་གཞིག་རྒྱུན་འཁྱོངས་ཏེ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱས་ནས་དུས་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ལ་སྲུང་སྐྱོང་ནུས་ལྡན་བྱས།

ཧོང་ཆང་གིས་གསུངས་དོན། འདས་མ་ཐག་པའི2022ལོ་ནི་སྐབས་འདིའི་སྲིད་གཞུང་གི་ལོ་ལྔའི་ནང་ཉམས་སད་ཐེག་མང་ཤོས་དང་འགྲན་སློང་ཆེ་ཤོས་ཀྱི་ལོ་ཞིག་རེད། དཀའ་ངལ་སྣ་ཚོགས་གཅིག་ཐོག་གཅིག་བརྩེགས་དང་ཉེན་ཁ་སྣ་མང་འདྲེས་མ།འཐབ་ཕྱོགས་མང་པོས་དམག་འཐབ་བྱེད་པ་བཅས་ཀྱི་གནས་བབ་ཛ་དྲག་གི་མདུན་དུ་ང་ཚོས་ཏང་ཀྲུང་དབྱང་གི“རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་བརྟན་པོ་ཡོང་བ།འཕེལ་རྒྱས་ཉེན་མེད་ཡོང་བ”བཅས་ཀྱི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་མཐའ་གཅིག་ཏུ་བསྟར་ཡོད། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་མཉམ་བྱས་ཏེ་འཛུགས་སྐྲུན་བྱས་ཤིང་། “དུས་ཚིགས་བཞི་པ་དང་ཉིན་བརྒྱར་དཀའ་ལས་རྒྱག་པའི”འགག་སྒྲོལ་བྱ་སྤྱོད་སྤེལ་བ་དང་།རྒྱུན་ལྡན་ལས་བརྒལ་བའི་བྱེད་ཐབས་སྤྱད་ནས་དཔལ་འབྱོར་གྱི་འཆར་གཞི་ཆེན་པོ་བརྟན་དུ་གཏོང་བ་དང་།བྱེད་ཐབས་མང་པོ་མཉམ་དུ་སྤྱད་ནས་ཁྲོམ་རའི་བྱེད་པོ་བརྟན་པོ་བཟོ་བ།ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་པོ་དང་ཟོག་གོང་བརྟན་པོ་ཡོང་བ་བྱེད་པ།ཉེན་ཁ་གོ་སྐབས་ལ་བསྒྱུར་བ།ཞན་ཆ་བསལ་ནས་ཁྱད་འཕགས་བསྣན་པ།དཀའ་སྤྱད་འབད་བརྩོན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དེ་འཕར་ཆག་ཆེན་པོ་ནས་མགྱོགས་མྱུར་བསྐྱར་འཕར་བྱུང་བའི་བར་གྱི་སྲ་ཞིང་བརྟན་པའི་ལམ་ཞིག་བཏོད་དེ་སྤྱི་ཡོངས་ནས་རྒྱལ་ཡོངས་དང་གཅིག་གྱུར་ཡོང་བ་བྱས།

ཧོང་ཆང་གིས་བསྟན་དོན། སི་ཁྲོན་གྱི་ལོ་ལྔའི་འཕེལ་རྒྱས་གྲུབ་འབྲས་ཀྱི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་རག་ལས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པ་ཁྲིད་སྟོན་བྱས་ནས་ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་བས་ཤེས་རྟོགས་ཐུབ་པ་རེད། ལོ་ལྔའི་རིང་འབད་འཐབ་ལ་དཀའ་སྤྱད་ཀྱིས་ཁེངས་ཤིང་།ཕྱོགས་གང་ཅིའི་ཐད་ཀྱི་གྲུབ་འབྲས་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་བྱས་པ་དང་ལས་དོན་བསྒྲུབས་པ་ཞིག་ཡིན་ལ།སྤྱི་ཚོགས་ལས་རིགས་ཁག་དང་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་བྱུང་བ་ཞིག་ཀྱང་རེད། དུས་མཚུངས་སུ།ང་ཚོས་ད་དུང་བློ་རིག་གསལ་པོས་མཐོང་དགོས་པ་ནི་དཀའ་ངལ་དང་གནད་དོན།འགྲན་སློང་བཅས་མི་ཉུང་བ་ཞིག་མདུན་དུ་ལྷག་ཡོད་པས།སླད་ཕྱིན་གྱི་ལས་ཀའི་ཁྲོད་དུ་ཐག་གཅོད་ཧུར་ཐག་བྱ་རྒྱུ་ཡིན། ཧོང་ཆང་གིས་གསུངས་དོན།སླད་ཕྱིན་གྱི་ལོ་ལྔ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱིས་སི་ཁྲོན་དེང་རབས་ཅན་འཛུགས་སྐྱོང་བྱེད་པ་ལ་སྣེ་ཁྲིད་བྱེད་པའི་འགག་རྩའི་ལོ་ལྔ་ཡིན། ང་ཚོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་གལ་ཆེན་ལྟར། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་རྒྱུ་འདི་ལས་འགན་ཨང་དང་པོར་རྩིས་རྒྱུ་རྒྱུན་འཁྱོངས་དང་།ཞིང་ཆེན་ཏང་ཨུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི“སྤྱི་ཡོངས་ཀྱི་སྣེ་ཁྲིད།”“སྤྱི་ཡོངས་ཀྱི་དམ་འཛིན།”“སྤྱི་ཡོངས་ཀྱི་བསམ་ཕྱོགས”བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཏེ་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་།འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ།སི་ཁྲོན་གྱི་ཁྱད་ཆོས་མཚོན་པ།རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ཁྱད་ཆོས་ཀྱི་སི་ཁྲོན་གྱི་ལེ་ཚན་གཏོད་དགོས།2027ལོར་སླེབས་སྐབས།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི8ལས་བརྒལ་ནས་སླར་ཡང་སྒོར་དུང་ཕྱུར་ཁྲི3གྱི་སྐས་རིམ་ཐོག་སླེབས་པ། འཕེལ་རྒྱས་སྤུས་ཚད་མཐོན་པོ་མངོན་གསལ་དོད་པོས་ལེགས་སུ་འགྲོ་དགོས། བཟོ་ལས་ཅན་དུ་འགྱུར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པ། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་རྒྱལ་ཡོངས་ལས་མཐོ་བ། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར730ཡན་ཆད་ཐོག་མཐོར་འདེགས་བྱུང་དགོས། ང་ཚོས་བཟོ་སྐྲུན་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་།ཆགས་ཚུལ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད།ཞིང་ལས་ཀྱི་ཞིང་ཆེན་སྟོབས་ལྡན་གཏོང་བ།གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད།“ས་ཁུལ་མཉམ་དར”གྱི་ཆགས་ཚུལ་གསར་པ་གཏོད་པ་སོགས་ཀྱི་གཙོ་གནད་ལས་འགན་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན།

ཧོང་ཆང་གིས་གསུངས་དོན།ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཡིན་ལ།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་བྱེད་པའི་འགག་རྩའི་ལོའང་རེད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི།ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ6ཡས་མས་འཕར་བར་བྱས་ཏེ།འབད་བརྩོན་གང་ཐུབ་བྱས་ནས་གྲུབ་འབྲས་དེ་བས་ཡག་པོ་ཐོབ་པར་བརྩོན་ལེན་བྱས་མཐར། བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་6ལས་བརྒལ་བར་འགན་སྲུང་བྱ་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི85གསར་དུ་འཕར་དགོས། གཞིས་མིའི་འཛད་སྤྱོད་རིན་གོང་གི་བསྡུར་གྲངས103ཡས་མས་སུ་ཚོད་འཛིན་བྱ་དགོས།ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་གྲོང་ཡུལ་གཞིས་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་བྱ་དགོས། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར715ཡན་དུ་བརྟན་སྲུང་བྱ་དགོས། རྒྱལ་ཁབ་ཀྱིས་འོག་རིམ་ལ་སྤྲད་པའི་ནུས་བསྲི་སྙིགས་འཕྲི་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱ་དགོས།

ཧོང་ཆང་གིས་བསྟན་དོན། ད་ལོའི་སྔོན་ཚོདདམིགས་འབེན་མངོན་འགྱུར་བྱེད་པར་གོ་སྐབས་དང་ཕན་ཡོད་ཆ་རྐྱེན་མང་པོ་ཡོད་པ་དང་ཆབས་ཅིག། འགྲན་སློང་དང་དཀའ་ངལ་ཡང་མི་ཉུང་བ་ཞིག་ཡོད་པ་རེད། ང་ཚོས་བརྟན་པོ་ཨང་དང་པོར་འཛིན་པ་དང་བརྟན་ཁྲོད་ཡར་རྒྱས་ཡོང་རྒྱུ་རྒྱུན་འཁྱོངས་ནས་འགལ་ཟླ་གཙོ་བོ་དམིགས་བསལ་དུ་འཛིན་རྒྱུ། རྩ་བ་བཟུང་ནས་ལས་དོན་ཡག་པོ་བསྒྲུབ་རྒྱུ།དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ཡག་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད།སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུ་མངོན་འགྱུར་བྱས་ཏེ་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་དུ་སི་ཁྲོན་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་གོམ་སྟབས་ཡག་པོ་སྤོ་ཐུབ་པར་འགན་ལེན་བྱ་དགོས། གཅིག་ནི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་འབྲེལ་མཐུད་དང་བེད་སྤྱོད་ཡག་པོ་བྱས་ཏེ་སྲིད་ཇུས་ཀྱི་ཤུགས་ཚད་དང་ལས་ཀའི་ཤུགས་ཚད་ལ་བརྟེན་ནས་སྔོན་ཚོད་བརྟན་པོ་དང་ཡིད་ཆེས་བརྟན་དུ་གཏང་དགོས། གཉིས་ནི་ནང་མཁོའི་གཏིང་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏང་རྒྱུ་དེ་དམིགས་བསལ་གྱི་གནས་སུ་འཇོག་པ་དང་།སྲིད་གཞུང་གིས་མ་དངུལ་གཏོང་འཇོག་དང་སྲིད་ཇུས་ཀྱི་ངར་སློང་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱིས་མ་དངུལ་འཇོག་པར་སྐུལ་ཁྲིད་ནུས་ལྡན་བྱ་དགོས། གསུམ་ནི་དངོས་གཉེར་དཔལ་འབྱོར་ལ་རྒྱབ་རྟེན་དང་སྟོབས་ལྡན་གཏང་རྒྱུ་རྒྱུན་འཁྱོངས་ནས་ཐོན་ལས་འབྲེལ་ཐག་གིས་མཁོ་སྤྲོད་འབྲེལ་ཐག་གི་ཆ་རྐྱེན་དང་ཉེན་མེད་ཆུ་ཚད་མཐོ་རུ་ཏན་ཏིག་གཏང་དགོས། བཞི་ནི་བཅོས་བསྒྱུར་གྱིས་གསོན་ཤུགས་དེ་བས་འཕེལ་བ་བྱས་ཏེ་རྒྱལ་དབང་ཁེ་ལས་ཀྱིས་བྱེད་ཕོད་པ་དང་།དམངས་གཉེར་ཁེ་ལས་ཀྱིས་གདོང་མཆོང་བྱེད་ཕོད་པ།ཕྱི་རྒྱལ་ཁེ་ལས་ཀྱིས་མ་དངུལ་འཇོག་ཕོད་པའི་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་དགོས།ལྔ་ནི་ཉེན་མེད་ཀྱི་མཐའ་ཚད་དང་སྐྱེ་ཁམས་ཀྱི་དམར་ཐིག། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་བྱས་ནས་ཉེན་མེད་ཀྱི་ཆགས་ཚུལ་གསར་པར་བརྟེན་ནས་འཕེལ་རྒྱས་གསར་པའི་ཆགས་ཚུལ་ལ་འགན་ལེན་བྱ་དགོས། ཕྱོགས་བཅུའི་ཐད་ནས་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་སྟེ། གཅིག་ནི་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། གཉིས་ནི་དཔལ་འབྱོར་འཕར་སྣོན་ཡོང་བར་ནང་མཁོ་ཡིས་སྒུལ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། གསུམ་ནི་དེང་རབས་ཅན་ཐོན་ལས་མ་ལག་འཛུགས་སྐྱོང་ཇེ་མགྱོགས་བྱེད་པ། བཞི་ནི་ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།ལྔ་ནི་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་སློབ་གསོ་དང་ཚན་རྩལ།ཤེས་ཡོན་མི་སྣས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།དྲུག་ནི“གཡོ་འགུལ་སྤུ་ཙམ་མེད་པ་གཉིས”དོན་འཁྱོལ་ཏན་ཏིག་བྱེད་པ།བདུན་ནི་ཕྱི་ཕྱོགས་ཚོང་དོན་དང་ཕྱི་རྒྱལ་མ་དངུལ་བརྟན་ཁྲོད་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་བ།བརྒྱད་ནི་ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། དགུ་ནི་དམངས་འཚོའི་བསོད་བདེ་རྒྱུན་མཐུད་དུ་ཇེ་དྲག་གཏོང་བ། བཅུ་ནི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་སྲུང་སྐྱོང་བྱེད་པ་བཅས་བྱ་དགོས།

ཧོང་ཆང་གིས་གསུངས་དོན།དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་འགན་འཁྲི་ནི་རི་བོ་ལྟར་ལྗིད་མོ་རེད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་།ཁྱོན་ཡོངས་ནས་ཁོང་དུ་ཆུད་པ།ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས “གཏན་འཁེལ་གཉིས”ལ་བློ་དཀར་སེམས་དཀར་གྱིས་བརྩི་བཀུར་ཞུ་བ་དང་།འཕེལ་རྒྱས་སྤུས་ཚད་མཐོན་པོ་འགྲོ་བ་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཇེ་དྲག་ཏུ་གཏོང་བ།མི་དམངས་མཆོག་ཏུ་འཛིན་རྒྱུ་རྒྱུན་འཁྱོང་ནས་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་ཆགས་ཚུལ་བཏོད་ནས“སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར”གྱི་གནས་ལུགས་བློ་ལ་བརྟན་པོར་བཅངས་ནས་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱག་དགོས།ནུས་ཤུགས་ཡོད་རྒུས་སྲིད་གཞུང་དེང་རབས་ཅན་བཅོས་སྐྱོང་བྱེད་པའི་འཇོན་ནུས་ཇེ་དྲག་ཏུ་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་སྲིད་གཞུང་འཛུགས་སྐྱོང་བྱེད་གང་ཐུབ་བྱ་དགོས།

ཧོང་ཆང་གིས་རྟིང་མར་གསུངས་དོན།རྒྱང་སྐྱོད་ལམ་གསར་དུ་བསྐྱོད་ནས་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པར་དཀའ་ཚེགས་མདུན་བསུ་བྱ་རྒྱུ་ནི་རྒྱུན་རྣམ་ཡིན་ཞིང་།ལས་བརྩོན་དང་ངལ་བ་དང་དུ་བླངས་རྒྱུ་ནི་གནས་བབ་རེད། ང་ཚོས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིག་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག། འགག་སྒྲོལ་དཀའ་སེལ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་ཏེ་དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོའི་ལས་འགན་ལྗིད་པོ་འཁུར་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱ་དགོས།

ཚོགས་འདུའི་གྲོས་རིམ་ལྟར། འགོ་ཚུགས་ཚོགས་འདུའི་ཐོག་ད་དུང་སི་ཁྲོན་ཞིང་ཆེན་གྱི2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2023ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སེང་དང་།སི་ཁྲོན་ཞིང་ཆེན་གྱི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན།སི་ཁྲོན་ཞིང་ཆེན་གྱི2022ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2023ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སེང་།སི་ཁྲོན་ཞིང་ཆེན་གྱི2023ལོའི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་པ་རེད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི།ཀྲུའུ་ཞི་ཚོགས་པའི་ནང་ཞུགས་མེད་པའི་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བློ་མཐུན།ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བློ་མཐུན།དེ་བཞིན་དྲུང་ཆེ།ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ།ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་འགོ་ཁྲིད་བློ་མཐུན།ཞིང་ཆེན་ཁྲིམས་ཁང་གི་འགོ་འཛིན།ཞིང་ཆེན་ཞིབ་དཔྱོད་ཁང་འགོ་འཛིན་བཅས་ཀྱི་བདམས་བྱ་འོས་མི།སི་ཁྲོན་དུ་བཅའ་སྡོད་བྱེད་མཁན་དམག་དཔུང་གི་འགོ་ཁྲིད་བློ་མཐུན་གདན་ཞུས་ལྟར་འགོ་ཚུགས་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།

ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དོན་གཅོད་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ། ཞིང་ཆེན་གྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་།ཞིང་ཆེན་ཁྲིམས་ཁང་།ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ། ཞིང་ཆེན་སྲིད་གཞུང་གི་ཐད་གཏོགས་དམིགས་འཛུགས་སྒྲིག་གཞི་དང་ཐད་གཏོགས་སྒྲིག་གཞིའི་འགན་འཁུར་བ་གཙོ་བོ། ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི། གྲོང་ཁྱེར(ཁུལ)ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན།མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན། རྫོང(གྲོང་ཁྱེར།ཆུས)མི་དམངས་འཐུས་ཚོགས་རྒྱུན་ཨུའི་ཀྲུའུ་རེན་དང་།སི་ཁྲོན་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ཨུའི་ཁོངས་མི།ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན།སི་ཁྲོན་དུ་བཅའ་སྡོད་བྱེད་མཁན་ཀྲུང་དབྱང་གི་སྡེ་ཚན་ཁག་གི་འགན་འཁུར་བ་གཙོ་བོ།སི་ཁྲོན་དུ་བཅའ་སྡོད་བྱེད་མཁན་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་འགན་འཁུར་བ།ཕྱིར་སྡོད་རང་མིའི་མི་སྣ་ཁག་གཅིག་སོགས་ཚོགས་འདུར་ཟུར་ཞུགས་གནང་བ་རེད། ཁྲེང་ཏུའུ་རུ་བཅའ་སྡོད་བྱེད་མཁན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔལ་འབྱོར་ཚོང་དོན་དོན་གཅོད་ཁང་གི་འགན་འཁུར་བ་དང་དེ་བཞིན་ཁྲེང་ཏུའུ་རུ་བཅའ་སྡོད་བྱེད་མཁན་གཞུང་ཚབ་ཆེན་པོ་ལས་ཁུངས10དང་དེ་བཞིན་གཞུང་ཚབ་དཔོན་རིགས་ཀྱིས་འགོ་ཚུགས་ཚོགས་འདུར་ཟུར་ཉན་བྱས་པ་རེད།།

  • ལེ་ཚན་སྔོན་མ།:ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།
  • ལེ་ཚན་རྗེས་མ།:དཔྱིད་གསར་དུས་ཆེན་གྱི་བདེ་འཇགས་ཐད་ལ་བཀོད་སྒྲིག་འདི་ལྟར་གནང་།
  • དོ་སྣང་ཆེ་བའི་རྩོམ།