རིམས་ནད་མཉམ་དུ་འགོག། རྒན་རྒོན་ཉམ་ཆུང་སྐྱོང་།

    གངས་ལྗོངས་ཉི་གཞོན།    2022-12-30

ཧྲང་ཧའེ་གངས་ཅན་ཕ་མའི་བདེ་ཐང་འདྲི་རྟོག་ཞབས་ཞུ་ལྟེ་གནས་དང་ཁྲེང་ཏུའུ་གྲོང་ཁྱེར་ཧི་མ་ལ་ཡ་བོད་ལུགས་གསོ་རིག་སྨན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་རིམས་ནད་མཉམ་སེལ་དང་རྒན་རྒོན་ཉམ་ཆུང་ལ་གཅེས་སྐྱོང་གི་བྱེད་སྒོ་སྤེལ།


   སྤྱི་ཟླ12པའི་ཚེས28ཉིན། མེས་རྒྱལ་དང་སྤྱི་ཚོགས་ཀྱི་བཀའ་དྲིན་སེམས་སུ་ཉར་ནས་མ་ཡུམ་ལ་དྲིན་འཇལ་དང་རྒན་རྒོན་ཉམ་ཆུང་ལ་རོགས་རམ་བྱེད་པའི་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་དང་བཞུགས་མོལ་ཚོགས་འདུ་དེ་ཁྲེང་ཏུའུ་གྲོང་ཁྱེར་ཧི་མ་ལ་ཡ་བོད་ལུགས་གསོ་རིག་སྨན་ཁང་དུ་སྤེལ་བ་རེད། བྱེད་སྒོ་འདི་ནི་སི་ཁྲོན་ཞིང་ཆེན་མི་རིགས་འཕྲོད་བསྟེན་བདེ་ཐང་ཡར་སྐུལ་ཚོགས་པའི་མངགས་བཅོལ་ལྟར་དུ། ཧྲང་ཧའེ་གངས་ཅན་ཕ་མའི་བདེ་ཐང་འདྲི་རྟོག་ཞབས་ཞུ་ལྟེ་གནས་དང་ཁྲེང་ཏུའུ་གྲོང་ཁྱེར་ཧི་མ་ལ་ཡ་བོད་ལུགས་གསོ་རིག་སྨན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས། ཁྲེང་ཏུའུ་གྲོང་ཁྱེར་ཧི་མ་ལ་ཡ་བོད་ལུགས་གསོ་རིག་ཁང་གི་ཉེ་འཁོར་གྱི་རྒན་རྒོན་ཉམ་ཆུང་ཚོ་ལ་འཚམས་འདྲི་ཞུ་བ་དང་། ཁོ་ཚོ་ལ་ནད་ཡམས་སྔོན་འགོག་གི་སྨན་རྫས་དང་འཚོ་བར་མཁོ་བའི་དངོས་རྫས་སོགས་ཕུལ་བ་རེད། བྱེད་སྒོ་འདི་སྤེལ་བར་བརྒྱུད། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་། རིག་གནས་སྤེལ་རེས་བཅས་ཀྱི་ཐད་དུ་དོན་སྙིང་ཆེན་པོ་ལྡན་ཡོད།

   བྱེད་སྒོའི་ཐོག་སི་ཁྲོན་ཞིང་ཆེན་རིག་གནས་ཁང་གི་སྔར་གྱི་འགོ་གཙོ་གཞོན་པའམ་སི་ཁྲོན་ཞིང་ཆེན་མི་རིགས་འཕྲོད་བསྟེན་བདེ་ཐང་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཚེ་པོ་དང་། ཧྲང་ཧའེ་གངས་ཅན་ཕ་མའི་བདེ་ཐང་འདྲི་རྟོག་ཞབས་ཞུ་ལྟེ་གནས་ཀྱི་འགོ་གཙོ་ཨུ་རྒྱན་རྡོ་རྗེ་སོགས་ལས་རིགས་སོ་སོའི་མི་སྣ་གལ་ཆེན་དང་སྤྱི་ཕན་གྱི་ལས་ཀར་གཞོལ་བའི་མི་སྣ་གང་མང་ཞིག་ཕེབས་ཡོད། བཞུགས་མོལ་ཚོགས་འདུའི་ཐོག་ཧྲང་ཧའེ་གངས་ཅན་ཕ་མའི་བདེ་ཐང་འདྲི་རྟོག་ཞབས་ཞུ་ལྟེ་གནས་ཀྱི་འགོ་གཙོ་ཨུ་རྒྱན་རྡོ་རྗེས་བགྲང་བྱ་གསུམ་རིང་བསྒྲུབས་པའི་སྤྱི་ཕན་བྱ་གཞག་ཕྱོགས་བསྡོམས་དང་མ་འོངས་པའི་ལས་ཀའི་འཆར་གཞིའི་སྐོར་སྙན་ཞུ་ཕུལ་བ་དང་། ཚོགས་ཞུགས་མི་སྣ་ཀུན་གྱིས་རང་རང་སོ་སོའི་བསམ་ཚུལ་དང་མ་འོངས་པའི་ལས་ཀའི་སྐོར་ལ་གསུང་གླེང་ལྷུག་པོ་གནང་།

   སི་ཁྲོན་ཞིང་ཆེན་རིག་གནས་ཁང་གི་སྔར་གྱི་འགོ་གཙོ་གཞོན་པའམ་སི་ཁྲོན་ཞིང་ཆེན་མི་རིགས་འཕྲོད་བསྟེན་བདེ་ཐང་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཚེ་པོས། དེ་རིང་གནམ་ལོ་གསར་པ་ཚེས་ལ་ཉེ་བའི་དུས་སྐབས་འདིར། བྱེད་སྒོ་འདི་སྤེལ་བར་བརྒྱུད། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་། རིག་གནས་སྤེལ་རེས་སོགས་ཀྱི་ཐད་ལ་དོན་སྙིང་ཆེན་པོ་ལྡན་པར་འདོད། གངས་ཅན་ཕ་མའི་བདེ་ཐང་འདྲི་རྟོག་ཞབས་ཞུ་ལྟེ་གནས་ཀྱིས་ལོ་གསུམ་གྱི་རིང་ལ་བོད་འབྲེལ་ས་ཁུལ་གྱི་རྒན་རྒོན་ཉམ་ཆུང་ཚོའི་བདེ་ཐང་དང་འཚོ་བའི་དཀའ་ངལ་སེལ་བའི་ཆེད་དུ། བྱ་བ་བཟང་པོ་རབ་དང་རིམ་པ་ཞིག་བསྒྲུབས་ཡོད་ལ། འདི་ནི་དངོས་གནས་ངོ་སོ་བསྟོད་དགོས་པ་ཞིག་རེད། ང་ཚོ་ཚང་མས་རང་གི་ཕ་མ་ལ་བརྩི་བཀུར་དང་རྒན་པ་ལ་ཞབས་ཞུ་སྒྲུབ་པའི་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་འདི་མུ་མཐུད་དུ་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་ཐད་ལ་ནུས་པ་གང་མང་འདོན་དགོས་ཞེས་གསུངས། །

  • ལེ་ཚན་སྔོན་མ།:ཏོག་གསར་ནད་དུག་གི་དུས་བབ་གང་འདྲ་ཡིན་པ་དང་ནད་གཞི་ལྕི་བའི་བསྡུར་གྲངས་ག་ཚོད་ཡོད་དམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།