ལི་ཐང་རྫོང་གི་རྩོམ་རིག་ལོ་དེབ《ལི་ཆུ་སྔོན་མོ》འགྲེམས་སྤེལ་བྱས།

ཆོས་རྒྱལ།        2022-12-30

   རྩོམ་རིག་ལོ་དེབ《ལི་ཆུ་སྔོན་མོ》ཞེས་པ་ནི2022ལོར་ཀྲུང་གུང་ལི་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡིས་གཙོ་སྐྱོང་གནང་ཞིང་། ལི་ཐང་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་འོག། ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་སྒྲིག་བྱས་པའི་རྩོམ་རིག་གི་ལོ་དེབ་གསར་པ་ཞིག་ཡིན། དེ་ལ་བོད་རྒྱ་ཡིག་གཉིས་ཀྱི་དེབ་གཉིས་ཡོད་པ་དང་ལི་ཐང་རྫོང་གི་ལོ་རྒྱུས་ཐོག་གི་གཞུང་གཉེར་གྱི་རྩོམ་རིག་དུས་དེབ་ཐོག་མར་བགྲང་འོས་པ་ཞིག་ཡིན།

   སྤྱི་ཟླ12ཚེས29ཉིན་གྱི་སྔོ་དྲོར།ལི་ཐང་རྫོང་གི་རྩོམ་རིག་ལོ་དེབ《ལི་ཆུ་སྔོན་མོ》སྤྱིའི་འདོན་ཐེངས་དང་པོའི་འགྲེམས་སྤེལ་ཚོགས་འདུ་ལི་ཐང་རྫོང་གནའ་གྲོང་དུ་བསྡུས། ཚོགས་ཐོག་ཏུ་ལི་ཐང་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་དབྱངས་སྐྱིད་དང་། ལི་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡི་དཔལ་ཡོན་གཞུང་ལས་ཁང་གི་ཀྲུའུ་རེན་བློ་བཟང་ཚུལ་ཁྲིམས། རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོས་དབྱིངས་རྒྱ་མཚོ། དེ་མིན་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ཅུས་དང་རྫོང་པར་ལེན་མཐུན་ཚོགས་དང་ཡིག་གཟུགས་མཐུན་ཚོགས། སྤྱི་སྐད་མཐུན་ཚོགས། ན་རོའི་ཁྱིམ་རིག་གནས་སློབ་གསོའི་མཐུན་ཚོགས་སོགས་ཀྱི་འཐུས་ཚབ་མི་སྣ་དང་། ལི་ཐང་རྫོང་གི་སྤྱི་ཁུལ་སོ་སོའི་འཐུས་ཚབ་མི་སྣ། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་སོགས་ཁྱོན་བསྡོམས་ཚོགས་ཞུགས་མི་སྣ་སུམ་ཅུ་ལྷག་འཛོམས་ཡོད་པ་རེད། ཐེངས་འདིའི་འགྲེམས་སྤེལ་ཚོགས་འདུར་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྒྲོལ་མ་ཆོས་འཛོམས་ཀྱིས་མདོ་འཛིན་བྱས།

   འགྲེམས་སྤེལ་ཚོགས་འདུའི་སྟེང་དུ་ཐོག་མར་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་དབྱངས་སྐྱིད་ཀྱིས་རྩོམ་རིག་ལོ་དེབ་གསར་དུ་བཏོན་པའི་གལ་ཆེན་རང་བཞིན་དང་སྦྲགས་ནས་རྒྱ་ཡིག་གི་དེབ་ཀྱི་ཕྱི་ནང་གསང་གསུམ་ངོ་སྤྲོད་བྱས་པར་མ་ཟད། མ་འོངས་པར་མུ་མཐུད་དེ་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་ཏུ་དུས་རབས་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཐེག་པའི་རྩོམ་རིག་བརྩམས་ཆོས་མང་ཙམ་ཡོང་བའི་འབོད་སྐུལ་བྱས། དེ་ནས་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡི་དཔལ་ཡོན་གཞུང་ལས་ཁང་གི་ཀྲུའུ་རེན་བློ་བཟང་ཚུལ་ཁྲིམས་ཀྱིས་ལོ་དེབ་སྔོན་མེད་གསར་དུ་བཏོན་པར་རྟེན་འབྲེལ་ཞུ་བ་དང་དེའི་གལ་ཆེན་རང་བཞིན་སོགས་གླེང་། མུ་མཐུད་དེ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོས་དབྱིངས་རྒྱ་མཚོས་འབྲེལ་ཡོད་ལས་ཁུངས་དང་དབུ་ཁྲིད་རྣམ་པའི་རྒྱབ་སྐྱོར་འོག་ཏུ་དུས་དེབ་གསར་དུ་བཏོན་པ་ཡིན་པའི་གསལ་བཤད་དང་སྦྲགས་ནས་བཀའ་དྲིན་ཞུས་པ་དང་། བོད་ཡིག་དེབ་ཀྱི་ཕྱིའི་འཆར་འགོད་དང་ནང་གི་གྲུབ་ཆ་སོགས་ཕྱོགས་གང་ཐད་ནས་ངོ་སྤྲོད་བྱས། དེ་མིན་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཚེ་རིང་ཆོས་སྒྲོན་དང་ནོར་འཛིན་སྒྲོལ་མ། ཀུན་དགའ་བློ་གྲོས། སྐལ་བཟང་ནོར་བུ་སོགས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་སྙན་ངག་གྱེར་འདོན་དང་གླུ་དབྱངས་སྙན་མོའི་མཆོད་པ་ཕུལ་ནས་འགྲེམས་སྤེལ་ཚོགས་འདུའི་རྣམ་པ་བག་སྤྲོ་པོར་བསྒྱུར་བར་མ་ཟད། ཚོགས་ཞུགས་མི་སྣ་འགའ་རེས་རྩོམ་རིག་གསར་རྩོམ་དང་དཔེ་ཀློག་གི་གལ་ཆེན་རང་བཞིན་སོགས་ཀྱི་སྐོར་ནས་བསམ་ཚུལ་བརྗོད་རེས་བྱས།

    མཐར་རྫོང་གི་མཐུན་ཚོགས་སོ་སོ་དང་སྤྱི་ཁུལ་སོ་སོར་དུས་དེབ་སྦྱིན་པའི་མཛད་སྒོ་ཆུང་ཆུང་ཞིག་སྤེལ་བ་དང་བསྟུན་ཚོགས་ཞུགས་མི་སྣ་མཉམ་འཛོམས་ཀྱི་མཉམ་པར་བསྒྲོན་ནས་གྲོལ་ལོ།།

  • ལེ་ཚན་སྔོན་མ།:ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:སྲིད་གྲོས་ཨུ་ཡོན་གསུམ་གྱི་སེམས་གཏམ་དྲོན་མོ།
  • དོ་སྣང་ཆེ་བའི་རྩོམ།