འབྲོག་པ།

དུངས་ཞེན།        2022-12-30

གངས་འདབས་ཀྱི་མི་རིགས། མཐོ་སྒང་གི་རྣམ་ཤེས། ཁྱེད་ཀྱིས་རྨིག་བཞིའི་རྟ་ཕོའི་གོང་ནས་ཕྱུགས་དེད་ཅིང་གཡག་གོང་ནས་རི་སྤོར། ཧི་ཡ་ལའི་གངས་འདབས་ནས་སྦྲ་ནག་གི་ཕ་ཁྱིམ་སྲུང་ཞོར་ཚེར་ས་དང་ཚེར་ས་སྤོར་ནས་འབྲོག་ཐང་གི་འཚོ་བར་དྲོད་ཁོལ་དང་མཛེས་སྡུག་སྟེར་ཞིང་། ཁྱེད་ཀྱིས་གཡང་གི་ལྷས་ར་གྲུ་བཞིའི་འདབས་རོལ་ནས་སྣ་བརྒྱའི་མེ་ཏོག་གི་བཀྲག་མདངས་འཐུ་ཞོར་རི་ལུང་ཐང་གསུམ་ནས་རྟ་ནོར་ལུག་གསུམ་འཚོས། འབྲོང་ཡག་དར་མའི་རྭ་བར་ནས་སྙིང་སྟོབས་བསླབ་ཅིང་ལུག་ཆུང་དཀར་མོའི་མཆོང་ལྡིང་ཁྲོད་ནས་བརྩེ་བ་རྙེད། གཡང་གི་ལྷས་ར་གྲུ་བཞིའི་འདབས་རོལ་ན་དགོ་དགོ་གཞས་ལ་འགུག་པའི་ཡིད་འོང་མ་དེ་ཁྱོད་ཡིན་ལ། དབྱར་གསུམ་མེ་ཏོག་གི་མཛེས་སྡུག་ཁྲོད་དུ་རྟ་མཆོག་གི་བང་ཁ་རླུང་ལ་འགྲན་མཁན་དེ་ང་ཡིན།

དེ་དུས། ཁྱོད་ཀྱི་འཛུམ་མདངས་ལྷས་འདབས་ནས་ཡལ་མ་མྱོང་ལ་ཁྱོད་ཀྱི་དགོད་སྒྲ་སྦྲ་ནག་གི་གོ་ཁ་ནས་ཆད་མ་མྱོང་།དེ་དུས། རྟ་བས་རི་མགོ་བསྐོར་ཏེ་འཚོ་གནས་བརྩད་ཅིང་། དོན་བདེན་པ་གཙུག་ཏུ་བཀུར་ལ་ལས་རྒྱུ་འབྲས་མིག་ལྟར་སྲུང་ཡོད། ལྷིང་འཇགས་ཀྱི་མཚན་མོར་སྒོ་ཁྱིའི་ཟུག་སྐད་ཁྲོད་ནས་མེས་པོ་རལ་བ་ཅན་ཞིག་གི་མཛད་འཕྲིན་གྱི་གཏམ་་རྒྱུད་ཐོས་ཤིང་ཨ་མ་མཛངས་མ་ཞིག་གི་དག་གཙང་གི་བྱམས་བརྩེ་ཐོབ་ཡོད། དེ་དུས། ཁྱོད་ཀྱི་ཁ་སེམས་དུང་ལས་དཀར་ཞིང་ཁྱོད་ཀྱི་ལྷག་བསམ་བལ་ལས་འཇམ། ཁྱོད་ཀྱི་ངག་ན་ཕ་སྐད་མ་ཡིག་གི་དབྱངས་རྟ་སྙན་ཞིང་ཁྱོད་ཀྱི་ལུས་ལ་འབྲོག་ཚུགས་ལྷད་མེད་དོད་ཡོད། ཁྱོད་ནི་མེས་པོ་རལ་བ་ཅན་ཞིག་གི་གདུང་རྒྱུད་ངོ་མ་ཡིན་ལ་ཁྱོད་ནི་གངས་འདབས་ནས་ཆས་པའི་འབྲོག་ཐང་གི་འབྲོག་ཕྲུག་རྣལ་མ་ཞིག་ཡིན། ཁྱོད་ཀྱིས་དག་གཙང་གི་ཁ་བ་དཀར་པོ་འབྲི་དེབ་དུ་བརློམས་ནས་ཀ་མད་སུམ་བཅུའི་མཛེས་སྡུག་གི་ལང་ཚོ་རྙེད་ཅིང་། དབྱིག་འཛིན་བུ་མོའི་རབ་ཡངས་ཀྱི་པང་ཁུགས་ནས་སྣ་བརྒྱའི་མེ་ཏོག་གི་བཀྲག་མདངས་གསེབ་ནས་ནར་སོན་ཞིང་ལག་ཆགས།

དེ་རིང་། ཨ་ཕས་ངག་འདར་འདར་གྱིས་བཤད་རྒྱུར། ཁྱོད་ཀྱིས་འབྲོག་ཚུགས་དོར་ཏེ་ཕ་ཡུལ་དང་ཆེས་རྒྱང་ཐང་རིང་བའི་གྲོང་ཁྱེར་ཞིག་ཏུ་བུད་སོང་ཟེར། ཨ་མས་བཤད་ན་ཁྱོད་ཀྱིས་འབྲོག་སྐད་བོར་དེ་མི་ཚོགས་ཀྱི་འདུ་འགོད་སྐྱེན་པའི་གྲོང་ཁྱེར་ཞིག་ན་ངོ་གདོང་གི་འཛུམ་མདངས་བོར་ནས་བསླུ་བྲིད་སྒྱུ་མའི་སྐགས་རྫས་བྱུགས་འདུག་ཟེར། ཁྱོད་སོང་བཤུལ་དུ་ཨ་ཕའི་ནང་སེམས་ཀྱི་འཇིག་རྟེན་འཁྱག་པས་བསྡམས་ཞིང་།ཁྱོད་སོང་བཤུལ་དུ་ཨ་ཕའི་གདོང་གི་གཉེར་མ་ཇེ་མང་རེད། ཤུགས་རིང་མནར་མནར་ཁྲོད་ནས་རྒྱང་རིང་གི་སུ་ཞིག་ཕྱིར་རྩྭ་ཐང་ལ་བསླེབ་པར་རེ་བཞག་གི་མིག་ཟུང་གཡར་ཡོད། ཁྱོད་སོང་ཤུལ་དུ་ཨ་མའི་གདོང་གི་མིག་ཆུ་ཇེ་མང་ཡིན་ལ་སྣུམ་དང་ཚི་དྲེག་གིས་ཟོས་ཚར་བའི་ཕྱག་ཟུང་གི་ཕྲེང་བ་འདྲེན་ཞོར་ཕྱག་གཡས་ཐོད་ལ་ཀེར་ནས་སུ་ཞིག་ལ་ཡོང་སྒུག་བྱས་ཡོད། གང་ལྟར། འདི་ནི་ཁྱོད་ཀྱི་རྒྱལ་ཁ་ཡིན་ནམ་ཕམ་ཁ་ཡིན།

ཁྱོད་རང་གྲོང་ཁྱེར་འགྲིམས་པའི་ཉིན་དེ་ནས་བཟུང་ཁྱོད་ཀྱི་ངག་ན་འབྲོག་སྐད་མི་འདུག། ཁྱོད་ཀྱི་ལུས་ལ་འབྲོག་ཚུགས་མི་འདུག། སྣུམ་དང་ཚི་དྲེག་གིས་བཟོས་ཚར་བའི་ཕྱག་ཟུང་གི་ཕྲེང་བ་གང་ནས་བོར་སོང་།མེས་པོ་གོང་མ་དག་གིས་གནང་པའི་རྫིག་རྫིག་གི་རལ་བ་སུ་ཞིག་གིས་བཅད་སོང་། ཀ་མད་སུམ་བཅུའི་མཛེས་སྡུག་གི་ལང་ཚོ་འཐིམས་པའི་སྙན་འཇེབ་ཀྱི་གླུ་སྐད་གང་ནས་འགག་སོང་། ཞེན་ཆགས་དང་ཕྱིར་མིག་མེད་པར་སྔོ་དྭངས་དྭངས་དང་ལྗང་ནེམ་ནེམ་གྱི་རྩྭ་ཐང་དང་ཁ་བྲལ་དོན་ཅི་ཡིན། ལ་ལས་བཤད་ན། ཁྱོད་ཀྱིས་དུས་རབས་ཀྱི་བསླུ་བྲིད་རྒོད་པའི་གྲོང་ཁྱེར་ཞིག་ན་ཚོང་རྫས་རྫུན་མ་ཞིག་བཙོངས་ནས་རང་རིགས་རང་གི་བསླུ་ཞོར་ཉིན་གྱི་ཕག་པ་ལྟ་བུ་མཚན་མོའི་འུག་པ་ལྟ་བུར་ཆགས་འདུག་སྐད། ཡང་ལ་ལས་བཤད་རྒྱུར། ཁྱོད་ཀྱིས་ཡིན་མདོག་ཁ་པོས་དྲྭ་དཔོན་ཞེས་པའི་མིང་སྙན་མོ་ཞིག་བཏགས་ནས་ཁྱི་མིང་ལ་སེངྒེ་ཚུལ་དུ་ཕྱི་རྫིག་ནང་སྟོང་གི་སྐད་ཆ་གང་མང་ཞིག་གིས་ཡབ་མེས་ལ་ངོ་མཚང་བརྟོལ། རང་ཉིད་རང་གིས་བོར་ཚར་ཟེར།

གང་ལྟར། ཁྱོད་ནི་གངས་འདབས་ནས་ཆས་ཞིང་གངས་འདབས་ནས་འཚོ་དགོས་ལ། ཁྱོད་ནི་སྦྲ་རྒན་དུ་ཞག་ཅན་པོའི་བུ་རབས་ཚ་རྒྱུད་དང་རྟ་གོང་གི་མི་རིགས་དེའི་གདུང་རྒྱུད་ངོ་མ་ཡིན། ཁྱོད་ལ་ཀ་མད་སུམ་བཅུའི་མཛེས་སྡུག་གི་ལང་ཚོ་སྨིན་ཡོད་ལ་ཉི་ཟླའི་རྣ་ཆ་ཐོགས་པའི་འབྲོང་གཡག་དར་མས་རྣམ་རིག་བསྒོས་ཡོད། དེ་བས། ཁྱོད་རང་དུས་རབས་ཀྱི་རོལ་རྩེད་དུ་མའི་བསླུ་བྲིད་ལ་མ་གཡེང་ཕྱིར་ཕེབས་དང་མཐའ་ཡས་པའི་སྤང་ཐང་ན་སྣ་བརྒྱའི་མེ་ཏོག་གིས་ཁྱོད་རང་སླེབས་པར་མཛེས་སྡུག་གི་འདབ་བརྒྱ་ལྷུག་པོར་གྲོལ་འདུག་ལ། དཔྱིད་དཔལ་བུ་མོས་ཁྱོད་རང་སླེབས་པར་ཁུ་བྱུག་གི་གྲེ་འགྱུར་ཡང་ཡང་སྒྲོག་བཞིན་འདུག དགུན་གསུམ་ཁ་བ་ལྷ་མོས་ཁྱོད་རང་ཕྱིར་སླེབས་པར་དག་གཙང་གི་ཁ་བཏགས་དཀར་པོ་ཡང་ཡང་འབུལ་བཞིན་ཡོད། མདོར་ན། ཁྱོད་མེད་ན་རྟ་མཆོག་གི་བང་རྩལ་སུ་ཞིག་གིས་རླུང་ལ་འགྲན་ནུས། ཁྱོད་མེད་ན་འབྲོང་གཡག་གི་ཁ་ལོ་སུ་ཞིག་གིས་བཏུལ་ནུས། དེ་བས། ཁྱོད་འཚོ་ས་རྩྭ་ཐང་ཡིན་ལ་ཁྱོད་བརྟེན་ས་འབྲོག་ཐང་སྨུག་པོ་ཡིན།

  • ལེ་ཚན་སྔོན་མ།:འབྲོག་མོ་གཡང་དཀར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།