མཐོང་བའི་ཟླ་བ་དང་བགྲོ་བའི་གླེང་གཞི།

སོར་གདུབ།        2022-12-23

དོ་ཞག་གི་ཟླ་བ། ཤར་རིའི་སྤོ་ན་དཀར་ལམ་མེར་འཛུམ་པ་འདིས། རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ལྷའི་གཞལ་ཡས་ཁང་དང་རི་བོང་ཕྱག་ཏུ་བཞེས་པའི་ཟླ་བའི་ལྷ་མོའང་མངོན་སུམ་དུ་ཞུགས་པ་ཡོད་པ་ལྟ་བུའི་གསོན་ཉམས་དང་ཚོར་བ་ཞིག་སྟེར་གྱིན་ག་ལེར་མཁའ་ལ་འཕགས།

ནོར་འཛིན་སྒེག་མོས་དབྱར་ཁའི་ཚ་གདུང་ལ་འཐབ་པའི་དམག་མཚམས་ཡོངས་སུ་བཞག་སྟེ། གཡུ་ཡི་ཁྲབ་རྨོག་ཕུད་ནས་གསེར་མདོག་གི་ན་བཟའ་སྲབ་མོ་གྱོན་ལ། ཆུ་ཕྲན་གྱི་མདའ་དང་གཙང་བོའི་རལ་གྲིའང་དར་གྱི་ཤུབས་སུ་བཅུག དེ་བས། སྡོང་ལོ་ལྷབ་ལྷུབ་ཏུ་གཏོར་ཞིང་སྐྱེ་འགྲོ་ཕལ་ཆེ་བ་རེ་ཞིག་འཇིག་རྟེན་གཞན་ཞིག་ཏུ་བརྫང་པའི་སྐྱེལ་མ་བྱེད་ཀྱིན་འདུག དེས་ནི། འཁོར་བའི་ལྷ་རྣམས་ཚེ་ལས་འཕོས་སྐབས་ཡིད་དུ་འོང་བའི་ལྷའི་བུ་མོ་དག་གིས་རྒྱང་རིང་ནས་མེ་ཏོག་གཏོར་ཞིང་ན་རེ། “ ཁྱོད་འདི་ནས་ཚེ་འཕོས་ཏེ་མི་ཡུལ་དུ་སྐྱེས་ནས་ཚོགས་དང་བསོད་ནམས་བསགས་ཤིང་སླར་ཡང་ལྷ་ཡུལ་དུ་སྐྱེ་བ་བླངས་ནས་འུ་ཅག་འཕྲད་པ་སྨོན། " ཞེས་སྨྲེ་སྔགས་འདོན་བཞིན་སྐྱེལ་མ་བྱས་པ་དང་ཨ་ན་མ་ན། ལང་ཚོའི་མཛེས་པ་དེ་རྩྭ་ཐང་གི་གཞི་ན་ངོམས་ཤིང་། རྨི་ལམ་ལྟ་བུའི་བདེ་སྐྱིད་ཀྱི་ལེགས་སྐྱེས་ནི་འགྲོ་ཀུན་གྱི་མིག་ལམ་ལ་ཕུལ་བའི་མེ་ཏོག་དག་གིས་སྙིང་ཉེ་བའི་རྐང་དྲུག་རེ་རུམ་དུ་འཁྱེར་ནས་བརྩེ་དུང་གི་འཐམ་འཁྱུད་དམ་པོས་གཉིད་ལམ་གྱི་རྒྱལ་ཁམས་གཞན་ཞིག་ཏུ་འགྲིམ་སོང་། རེད་ཡ། དུས་ཚིགས་ཀྱི་སྒལ་གཞུང་ལ་བལྟས་ནའང་ཟླ་བ་མདངས་ཡག་ཤོས་ཀྱི་དུས་ཤིག་རེད། “ སྟོན་ཀའི་ཟླ་བའི་མདོག " ཅེས་པ་བདེན།

ངའི་གཉིད་ཐབས་བྲལ་བའི་དོ་ནུབ་དང་རང་དབང་གི་སྒེའུ་ཁུང་ལས་མཐོང་བའི་ཟླ་བ་འདིས་ཕལ་ཆེར་ང་ལ་གླེང་གཞི་ཞིག་བསླང་རན་པ་ལྟར་ང་ལ་གྱེར།

ཕྲན་གྱིས་གླེང་བ། “ ཟླ་བ་ལགས། ཁྱེད་ཀྱིས་ང་མཐོང་ངམ། ང་ནི། ཆུ་མོ་བཞིན་ཤང་ཤང་གིས་མི་བཞུར་ལ་སྤྲིན་དཀར་བཞིན་མཛེས་སྡུག་གིས་རྒྱུ་བ་མེད། ང་ནི། རླུང་བུ་བཞིན་གང་སར་མི་འཁྱམས་ལ་ཁྱི་མོ་བཞིན་ལྐོག་རྒྱུག་བྱེད་པ་མེད། ང་ནི། ཆེས་མངོན་ཆུང་གི་མི་བུ་དཀྱུས་མ་ཞིག ཕྱི་ཡི་གོས་ཆེན་ཐེད། ནང་གི་འདུ་ཤེས་རལ། ཚོར་བའི་བླ་གབ་བརྡོལ། བསམ་པའི་འཁྱེར་སོ་ཟད། ནང་གི་གློ་སྙིང་གྱོང་། བར་གྱི་ཤ་ཁྲག་སྐམ། ཕྱི་ཡི་པགས་པ་བུག སྲིན་པོ་ལྟར་སྐྲ་སེན་རིང་། རེད་ཡ། འཇིག་རྟེན་འདིའི་མི་སྡུག་པའི་ཆ་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་པ་ལྟ་བུའི་ཕྲན། ཁྱེད་ཀྱིས་མཐོང་ངམ། ཟླ་བ་ལགས། "

ཟླ་བས། “ ལོས་མཐོང་། མཐོ་ཨོ་རྒྱན་དག་པ་མཁའ་སྤྱོད་ཞིང་གི་མན་དང་། དམའ་བར་དོ་དམྱལ་བ་རྡོར་གདན་གྱི་ཡན། ངས་མི་མཐོང་བ་ཞིག་གང་ན་མཆིས། " ཕྲན་གྱིས་གླེང་བ། དོ་ཞག་མཇལ་བའི་བསིལ་བྱེད་རིན་པོ་ཆེ། །སྲིད་པའི་མེ་ཞགས་འཁྱུག་པའི་དུས་ཀློང་ནས། །འདི་ལྟར་གཏམ་གྱིས་བགྲོ་བའི་སྐལ་བཟང་འདི། །ཚེ་རབས་བསཊ་པའི་བསོད་ནམས་ཚོཊ་ལས་བྱུང་། །ཀྱེ་ཀྱེ་ཟླ་བས་གང་ལའང་མ་གཡེང་ན། །སྙན་ཅོག་པདྨོའི་ངོགས་ན་འདི་སྐད་གསོལ། །ང་ཡིས་ཤིན་ཏུ་རྒྱུ་ནོར་ལོངས་སྤྱོད་འདོད།།འདོད་པ་ལྟར་དུ་ཧ་ཅང་འབད་བརྩོན་གྱིས། །བསགས་ཀྱང་གཅིག་བཟུང་གཉིས་ཤོར་བྱེད་ཀྱིན་འདུག. །ང་ནི་འདི་ལྟར་དབུལ་བར་རྒྱུ་མཚན་ཅི། །གཞན་གྱིས་དེ་ཙམ་འབད་པ་མ་བྱས་རུང། །འདོད་པའི་རྒྱུ་ནོར་བ་ལས་འོ་འཇོ་ལྟར། །ལོངས་སུ་སྤྱོད་པ་ལྷ་དང་འཕྱང་མོ་ཉུག།རྒྱུ་མཚན་གང་གིས་བདག་གཞན་ཁྱད་པར་ཆེ། ། ཟླ་བས་གླེང་བ། དེ་ལྟར་བརྗོད་པར་མི་འོས་བུ་ཆུང་ལགས། །རང་སེམས་རང་གིས་སྡུག་ལ་མ་སྦྱར་བར། །བུ་ཆུང་རྣ་བ་ཟླ་བའི་ཕྱོགས་སུ་གསོན།།ཁྱོད་སེམས་གསོ་བའི་སྐུལ་ཞིག་ང་ཡིས་སྤྲོ། །འཇིག་རྟེན་འདི་ན་སྐྱེ་བོ་བགྲང་ལས་འདས། །སྐྱེ་བོ་རྣམས་ཀྱི་ལས་དབང་ཆ་མི་སྙོམ།།འགའ་ཞིག་དགུང་གི་ཐོག་ལྟར་བཙན་ན་ཡང་། །འགའ་ཞིག་སྡར་མ་ཝ་བཞིན་གཉོམ་ཆུང་རེད། །ལ་ལས་རིན་ཆེན་གསེར་དངུལ་ལོངས་སུ་སྤྱོད། །ལ་ལས་ཟས་གོས་ཅུང་ཟད་འཚོལ་བར་ངལ། །འགའ་ཞིག་དུས་སུམ་མཁྱེན་པའི་མཁས་པ་ཡིན། །འགའ་ཞིག་མི་ཚེ་སྟོང་བའི་བླུན་པོ་ཡིན། །ལ་ལའི་སྐྱེ་གཟུགས་བྲིས་མའི་ལྷ་ལྟར་སྒེག །ལ་ལའི་སྐྱེ་གཟུགས་བཙོག་ཅིང་ཡིད་མི་འོང་། །དེ་ཚོ་ཐམས་ཅད་ལས་ཀྱིས་བཀོད་སྟངས་རེད། །སྐྱེ་བོ་སོ་སོའི་ཐོད་པའི་རི་མོ་རེད། །《ཁ་ཆེ་ཕ་ལུའི་》གཏམ་དུ་འདི་ལྟར་ཏེ། །ཐོད་པའི་རི་མོ་བསུབ་ཀྱང་སུབ་རྒྱུ་མེད། །དེ་ལས་རི་མོའི་འགྲོས་དང་བསྟུན་ན་དགའ། །བཀོད་པའི་ལས་ལ་ཆོག་ཤེས་མ་བྱེད་ན། །རང་སྡུག་རང་གིས་ཉོ་དུས་འགྱོད་ཀྱང་ཕྱིས། །ཞེས་པའི་བསླབ་བྱ་ཅི་འདྲའི་མ་བདེན་ནམ།།དེར་བརྟེན་ཁྱོད་ཀྱིས་ཞིབ་ཕྲའི་འདང་ཞིག་རྒྱོབས།།མཐོ་དམན་དྲགས་ཞན་ཀུན་དང་བསྡུར་བ་བྱོས། །ཁྱོད་ཀྱིས་རང་ཉིད་དབུལ་བོར་ངོས་འཛིན་ཡང་། །ལ་ལའི་གོང་མ་ལ་ལའི་འོག་མ་རེད། །ལྟོས་དང་འཇིག་རྟེན་འདི་ཡི་སྐྱེ་བོ་འགར། །རིགས་དམན་གཟུཊ་ངན་འབྱོར་མེད་ཤེས་ཡོན་དབེན། །གཞན་གྱིས་བརྙས་བཅོས་དམའ་འབེབ་ཁོ་ན་ཡིན། །དེ་རྣམས་མི་དགེ་བསྒྲུབས་པའི་འབྲས་བུ་ཡིན། །ད་དུང་གཟིགས་དང་སྐྱེ་བོ་ལ་ལ་ཞིག །རིགས་མཐོ་གཟུཊ་བཟང་འབྱོར་ལྡན་ཤེས་ཡོན་ཆེ། །གཞན་གྱིས་བཀུར་ཞིང་བསྟོད་བསྔཊ་འཛུམ་གྱིས་བསུ། །དེ་རྣམས་ཚོགས་བསཊ་དགེ་བའི་འབྲས་བུ་ལས། །སུ་དང་གང་གིས་བཀོད་བསྒྲིཊ་བྱེད་པ་མིན། །མཁའ་ལས་བབས་དང་ས་སྐྱེས་དེ་བས་མིན། །དེར་བརྟེན་ཚོཊ་དང་བསོད་ནམས་སོཊ་ཤིག་ཨང་། ། ཕྲན་གྱིས་གླེང་བ། དེ་འདྲ་མ་ཟེར་ཟླ་བ་གཞོན་ནུ་ལགས།།ཚོཊ་དང་བསོད་ནམས་དགེ་ལས་ཟེར་བ་འདི། །ཁ་ལས་གླེང་བ་སྐད་གཅིག་ཡིན་ན་ཡང་། །ལག་ལེན་བྱེད་ན་རྒྱ་མཚོར་ཁབ་འཚོལ་བཞིན། །ཤིན་ཏུ་དཀའ་ཞིང་ངལ་བ་ཨེ་ཤེས་ལགས། ། ཟླ་བས་གླེང་བ། དེ་ལྟར་བརྗོད་པར་མི་འོས་བུ་ཆུང་ལགས།།དཀའ་ཞིང་ངལ་བའི་ལས་ཤིག་མ་བྱས་ན། །ཞིམ་ཞིང་མངར་བའི་ཟས་ཤིག་མི་ཡོང་བས། །དཀའ་ངལ་མ་བྱེད་སྙིང་ལ་རུས་པ་བསྐྱེད། །ཁྱོད་ལ་རྒྱུ་དང་འབྱོར་བ་དགོས་འདོད་ན། །གཞན་གྱི་རྒྱུ་ནོར་བརྣབ་སེམས་མེད་པའི་ངང་། །སེར་སྣ་མེད་པའི་སྦྱིན་པ་གཏོང་བ་ནི། །རྒྱུ་དང་འབྱོར་བ་འབྱུང་བའི་གཞི་མ་ལགས། ། ཕྲན་གྱིས་གླེང་བ། དེ་འདྲ་མ་ཟེར་ཟླ་བ་གཞོན་ནུ་ལགས། །ང་རང་དབུལ་ཞིང་ཟས་གོས་དབེན་པའི་སྒང་། །སྦྱིན་པ་ཐོངས་ཤིག་ཅེས་པའི་བཀའ་མོལ་འདི། །མིག་གིས་མཐོང་བཞིན་སྣད་སྣད་མ་རེད་དམ། ། ཟླ་བས་གླེང་བ། དེ་ལྟར་བརྗོད་པར་མི་འོས་བུ་ཆུང་ལགས།།མིག་གིས་མཐོང་བཞིན་སྣད་སྣད་སུ་ཡིས་བྱེད།།ཀླད་ཆུང་མ་བྱེད་བློ་རྒྱ་ཅུང་ཙམ་བསྐྱོད།།ཁྱོད་ལ་རྒྱུ་ནོར་མེད་པ་མཐོང་གིན་འདུག།རྒྱུ་ནོར་མེད་ཀྱང་སྦྱིན་པའི་དངོས་པོ་ཡོད།།འཛུམ་མདངས་གཞན་ལ་སྟོན་ནས་དགའ་བ་སྦྱིན།།གཞན་གྱི་ཡོན་ཏན་བརྗོད་ནས་བསྟོད་བསྔཊ་སྦྱིན། །སྙིང་ནས་ཕན་སེམས་བཅང་ཞིང་བྱམས་སེམས་སྦྱིན།།གཞན་ལ་གུས་བཀུར་བྱེད་ནས་སྤྲོ་སྦྱིན་སོགས། །ག་ཚོད་སྦྱིན་ཡང་འཛད་པའི་སེམས་ཁྲལ་མེད།།འདི་ལྟར་བྱས་ན་རང་གཞན་ཀུན་ལ་དགའ།།འདི་ལྟར་བྱས་ན་རང་གཞན་ཀུན་ལ་སྤྲོ།།རྟག་ཏུ་འཛུམ་ཞིང་དགའ་སྤྲོ་འཕེལ་བའི་མི།།ལུས་ལ་ནད་ཉུང་སེམས་ལ་སྡུག་བསྔལ་ཆུང་།།རང་གཞན་ཀུན་ལ་ཕན་པའི་བྱ་བཟང་འདི།།རང་ནས་མགོ་འཛུགས་ཀུན་ཀྱིས་བྱ་བར་སྨོན།། ཚིག་གི་མེ་ཏོག་རབ་ཏུ་དགོད་ན་དོན་གྱི་ཟེའུ་འབྲུ་ཐོར་འགྲོ་སྲིད། །ཚིག་རྒྱན་ཚོན་རྩིའི་བཀྲག་མདངས་ཆེ་ན་སྙན་པའི་འགྲོས་ཉམས་སྒྲིབ་ཉེན་ཆེ། །བགྲོ་བའི་གཏམ་འདི་རྒྱན་གྱིས་འཆིང་ན་ཀུན་གྱིས་གོ་བར་མི་ནུས་པས། །ཉན་ན་བདེ་ཞིང་བཞུན་ལ་བབས་པའི་བགྲོ་གླེང་གཏམ་བརྗོད་འདི་ནས་རྫོགས།།

རྫོགས་སོ།། དགེའོ་དགེའོ།།

  • ལེ་ཚན་སྔོན་མ།:ཐལ་རྡུལ་ཁྲོད་ཀྱི་ཕ་ཡུལ་སྨུག་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།