དགེ་རྒན་ཨ་དཔལ་རྒྱལ་མཚན་གྱི་གནས་ཚུལ་རགས་བཀོད།

ཉན་ཤུལ་ནོར་བུ་དོན་འགྲུབ།        2022-12-23

དགེ་རྒན་ཨ་དཔལ་རྒྱལ་མཚན་གྱི་གནས་ཚུལ་རགས་བཀོད།

རྒྱལ་མཚན་དགེ་རྒན་ནམ་ཨ་དཔལ་རྒྱལ་མཚན་དུ་འབོད་པའི་དགེ་རྒན་དཀྱུས་མའི་ནང་གི་དཀྱུས་མ་མ་ཡིན་པ་ལགས་ནི་མི་ཉག་བོན་པོ་ཤུལ༼ ཕུང་པོ་གཤིས༽ རི་ཐོད་སྡེ་བའི་ཁྱིམ་ཚང་ཕལ་བ་ཞིག་དུ་སྐྱེས་ཤིང་།1963ལོར་མི་ཉག་སྐྱ་གད་ལྟེ་གནས་སློབ་ཆུང་ནས་མཐར་ཕྱིན། སློབ་ཆུང་སློབ་མཐར་ཕྱིན་རྗེས། ཁྱིམ་ཚང་དབུལ་ཞིང་ཁྱིམ་གྱི་ལས་ཀ་བ་མེད་པས། སློབ་གྲྭར་འགྲོ་མཚམས་བཞག་ནས་ཕྱིར་ཡུལ་དུ་ལོག་སྟེ་ཞིང་ལས་བྱས། 1964ལོར་རང་སྡེ་བའི་རྩིས་གཉེར་བ་བྱས། 65ལོར་རྩིས་གཉེར་བ་རུ་དཔོན་དུ་བཀོལ་ཏེ་ཡུལ་སྡེ་ལྔ་ཡི་རྩིས་པ་བྱས་ཏེ་ཡུལ་མི་ཀུན་གྱིས་མི་དྲང་པོ་བདེན་པ་ཞིག་ཏུ་བརྩི། སློབ་གྲྭར་འགྲོ་མཚམས་བཞག་ཀྱང་སློབ་སྦྱོང་གི་འདུན་པ་ཡེ་ནས་མ་དོར་བར་རང་ནུས་གང་ཡོད་ཀྱིས་བོད་རྒྱ་རྩིས་གསུམ་ལ་རང་སྦྱོང་བྱས།

ལོ་དེར་རང་སྡེ་བའི་ནང་དུ་དམངས་དགའ་སློབ་གསོ་ཟེར་བའི་ལམ་ལུགས་ཤིག་ཐོན་ཏེ་སློབ་གྲྭ་ཞིག་འཛུགས་ཆོག་པའི་ཆོག་མཆན་ཐོབ། སྐབས་དེར་སྡེ་བའི་ནང་དུ་སློབ་ཁྲིད་བྱེད་ཤེས་མཁན་གྱི་དགེ་རྒན་ཞིག་མ་རྙེད་པར། ཁོ་བོ་སློབ་གྲྭ་དེའི་བོད་རྒྱ་རྩིས་གསུམ་གྱི་དགེ་རྒན་དུ་མངགས། སློབ་གྲྭ་འཛུགས་ཆོག་པའི་ཆོག་མཆན་ཡོད་ཀྱང་། སློབ་ཁང་དང་མདུན་ཅོག སློབ་ཆས་སོགས་གང་ཡང་མེད་པའི་དཀའ་ཁག་དང་ཟླ་ཕོགས་སྒོར་བཅུ་གཉིས་ཙམ་ཡིན་ལ། སློབ་མའི་སློབ་སྦྱོང་གི་ཡོ་བྱད་སོགས་ཀྱང་རང་གི་ཟླ་ཕོགས་ལས་ཉོས། སློབ་ཁང་མེད་པར། སྐབས་འགར་མཉམ་ལས་ཁང་གི་ལོ་ཏོག་རྡུང་སའི་ར་བ་གཡར། སྐབས་འགར་ཁང་པ་གཡར་ཏེ་དབྱར་དགུན་སྟོན་དཔྱད་མེད་པར་རླུང་དང་བུ་ཡུག་གི་ཁྲོད་ནས་དཀའ་བ་ཁྱད་དུ་བསད། བརྩོན་པ་དང་དུ་བླངས་ཏེ་སློབ་གསོའི་ལམ་ཁ་ལ་གོམ་པ་དང་པོ་སྤོས།

1984ལོར། གོང་རིམ་གྱིས་ལྟ་སྐྱོང་དང་རང་ཉིད་ཀྱི་བརྩོན་པ་ལ་བརྟེན་ནས་དགེ་རྒན་དངོས་ལ་རྒྱུགས་སྤྲད་དེ་དགེ་རྒན་གྱི་དཔང་ཡིག་ལོན། དེ་ནས་བཟུང་དམངས་བཙུགས་ཀྱི་སློབ་གྲྭ་དེ་ནས་ལོ་བཅུ་ཙམ་ལ་སློབ་གསོའི་ལས་ཀ་བསྒྲུབས། དེའི་རིང་། རང་ཉིད་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་ནུས་པ་མཐོར་འདེགས་དང་མི་གཞི་ཀུན་སྤྱོད་ཀྱི་སློབ་གསོ་སོགས་ཀྱི་ཐད་ལ་སྦྱོང་བ་བརྩོན་ལེན་བྱས་ཏེ་གཟེངས་རྟགས་ཅི་རིགས་ལོན།

1984ལོར། ལས་དོན་གྱི་དགོས་མཁོ་ལྟར་མི་ཉག་སྐྱ་གད་སློབ་གྲྭར་ལས་གནས་སྤོས་ཏེ་བོད་ཡིག་དགེ་རྒན་གྱི་འགན་ཁུར། 1985ལོར་སྦྱངས་འབྲས་འབུར་དུ་ཐོན་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོར་ཟབ་སྦྱོང་དུ་རྒྱུགས་འཕྲོད། ཟབ་སྦྱོང་གི་དུས་ཡུན་དེ་ལ་ནངས་སྔ་ལངས་དགོང་ཕྱི་ཉལ་བྱས་ཏེ་བརྩོན་པ་ཆེར་བསྐྱེད། ཟབ་སྦྱོང་བྱས་ཏེ་ལོ་གཅིག་ཙམ་ལོན་སྐབས། ཡུལ་དེར་མཚོ་འཕགས་མཐོ་བ་དང་ལུས་ཀྱི་ཟུངས་ཇེ་སྡུག་ཏུ་སོང་བ། ཁྱིམ་གྱི་དཀའ་ཁག་ཅི་མང་ཞིག་གིས་སློབ་མཐར་མ་ཕྱིན་ཙམ་ལ་ཕྱིར་རང་ཡུལ་དུ་ལོག་སྟེ་མུ་མཐུད་དུ་སློབ་གྲྭ་དེ་གའིདགེ་རྒན་གྱི་ལས་ཀར་ཞུགས། སློབ་གྲྭ་དེ་ནས་རང་ནུས་གང་ཡོད་ཀྱིས་འབད་པ་ཧུར་ལེན་བྱས་ཏེ་ལོ་རྒྱུགས་ཀྱི་རྒྱུགས་གྲངས་ཨང་དང་པོ་དུ་མ་བླངས། ཕུལ་བྱུང་དགེ་རྒན་གྱི་དཔང་ཡིག་ཐོབ། ཡང་ནས་བསྐྱར་དུ་སློབ་གསོའི་ལས་དོན་འབུར་དུ་ཐོན་ཏེ་སྔོན་ཐོན་མི་སྣའི་གཟེངས་རྟགས་ཐོབ། སྔོན་ཐོན་སློབ་གསོ་བའི་མཚན་ཉིད་ཐོབ། ཕུལ་དུ་བྱུང་བའི་སློབ་བུ་དུ་མ་བསྐྱངས། མི་རིགས་སློབ་གསོའི་ལས་དོན་ལ་བྱས་རྗེས་བླ་མེད་བཞག་སྟེ་གོང་རིམ་དང་ཡུལ་སྡེ་ཀུན་གྱིས་བསྟོད་བསྔགས་ཀྱི་མཐེ་བོ་གྱེན་དུ་བསྒྲེངས་སོ།

དེ་ལྟར་ལོ་སུམ་ཅུ་ཙམ་གྱི་རིང་ལ་དཀའ་བ་དང་བརྩོན་པ་ཆེར་དྲགས་པས། ལུས་ཟུངས་སྔར་ལས་ཇེ་སྡུག་ཏུ་སོང་། སྙིང་རླུང་གི་རླུང་ནད་ཆེར་འཕགས་ཏེ་སློབ་གྲྭ་ནས་སློབ་ཁྲིད་བྱེད་མ་ཐུབ་པར་ནད་དགོངས་ཞུས་ཏེ་ལས་འཁྱུར་ངལ་གསོ་མི་བྱེད་ཀ་མེད་བྱུང་།

ད་ལྟ། མིག་དང་རྣ་བ། ཤེས་པ་སོགས་ཀྱི་ཚོར་བ་དལ་ལ། རྐང་བ་དང་ལག་པ་སོགས་ཀྱི་ནུས་པ་དེ་འདྲ་ཞན་ཡང་། ཤིང་གི་ཉལ་ཁྲི་དེའི་གཡས་གཡོན་དང་མདུན་རྒྱབ་ཚང་མ་དཔེ་ཆ་དང་རྔམས་མཐུག་པའི་མིག་ཤེལ་སོགས་ཀྱིས་བསྐོར་འདུག།

  • ལེ་ཚན་སྔོན་མ།:སྨར་ཀཾ་དགེ་བཤེས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།