འདོགས་ནས་གྲོལ་བའི་སྒོ་ཁྱི།

བཀྲ་ཤིས་སྟོབས་རྒྱལ།        2022-12-13

ད་ལོའི་དགུན་ཁར་ཉིན་གསུམ་བསྟུད་མར་ཁ་བ་བབས་པས་མཐོ་རུ་བསྙེགས་པའི་རི་བོ་ནས་གཤོང་དུ་ཆགས་པའི་གྲོང་ཁྱེར་གྱི་གཞུང་ལམ་སོགས་མིག་གིས་མཐོང་ལམ་དུ་གྱུར་པ་ཐམས་ཅད་ཁ་དོག་གཅིག་ལས་མ་མཆིས་ཤིང་། མཁའ་རླུང་གྲང་མོས་ཁོར་ཡུག་གི་ཡོད་ཚད་འཁྱག་ལྷང་ལྷང་དུ་བཏང་འདུག།

མལ་ལས་ལངས་རྗེས་ཁ་བ་ནི་དགྲ་བོས་འཇབ་རྒོལ་སློང་བ་ཇི་བཞིན་ཁང་བའི་མདུན་རྒྱབ་ཚང་མར་ཆགས་ཚར་འདུག་ཅིང་། ཁ་བ་ལེབ་མོ་ཁ་ཤས་ནི་ཁ་ཕྱོགས་བོར་བ་ལྟར་གྲང་རླུང་གི་རྒྱུ་བ་དང་བསྟུན་ནས་གང་སར་ལྷུང་བཞིན་གདའ། ངས་མ་གཞི་གཅིན་པ་ཡིད་ཚིམ་པ་ཞིག་བཏང་རྗེས་ཁང་མིག་དྲོད་མོར་འཛུལ་ནས་སྡོད་ལ། སྒོ་དམ་པོར་བརྒྱབ་ནས་དྲོད་ཁོལ་བསྒོམས་པར་བསམ། དེ་ནི་འདི་ལྟ་བུའི་ཁ་བ་དང་གྲང་རླུང་བསྡེབས་པའི་དུས་ཚོད་ཀྱི་ནང་དུ་ཁ་ནང་ལ་འཁོར་ཞིང་སེམས་ལྷོད་ལ་འབབ་པའི་ཆེས་བཟང་བའི་གནས་སྐབས་ཤིག་ཡིན་ངེས། ཡིན་ནའང་། ངེད་ཚང་གི་སྒོ་ཁྱི་འདོགས་ཐག་ལས་གྲོལ་ནས་ཕྱི་རོལ་ཏུ་ཤོར་བས་ད་ནི་སྒོ་ཁྱིས་ང་ལ་རྙོག་དྲ་མང་པོ་བཟོ་འོང་བ་ཤེས་སོང་། སྒོ་ཁྱི་ནི་མིག་ཟུང་གསར་དུ་ཕྱེས་པའི་བུས་པ་ཞིག་དང་མཚུངས་པར་ཁོར་ཡུག་གི་ཡོད་ཚད་ལ་མཚར་སྣང་གིས་ཁེངས་ཤིང་ཁོ་རང་འདོགས་སའི་ཉེ་འཁོར་ལས་གཞན་ཐམས་ཅད་ཆ་རྒྱུས་མེད་པར་གྱུར་ནས་རེ་ཞིག་ཁ་ཕྱོགས་རྨོངས་མོད། ཁོའི་སྨྲ་བ་མེད་པའི་རྟུལ་ཞུགས་ཀྱིས་ནང་སེམས་ཀྱི་དགའ་བ་ཚད་མེད་ཅིག་མཚོན་བཞིན་ཡོད་པ་གསལ་བོར་རྟོགས་ཐུབ། གངས་ནང་དུ་འགྲེ་ལྡོག་ཅིག་བྱས་ཏེ་སྟིག་སེར་ཡར་ལངས་པ་དང་། དེ་ནས་འདར་སིག་བརྒྱབ་སྟེ་ལུས་ཀྱི་ས་རྡུལ་ཚང་མ་སྤྲུགས་སྤྲུགས་བྱས་རྗེས་སྡེར་མོ་གཉིས་ཀྱིས་ཁ་བར་འབྲད་པར་བྱེད།

གནའ་མི་ཚོས་སོས་ཀའི་ཉི་མ་བསྐྱལ་ཐབས་བྱེད་སྐབས་བྱིས་པ་རྣམས་ལ་ཁ་བ་ནི་ཁྱི་ཡི་ཨ་ཞང་ཡིན་ཞིང་རྒྱུན་དུ་ཁ་བ་འབབ་པ་ཡང་ཁྱིའི་ཞང་བོ་སླེབས་པ་རེད་ཅེས་ཟེར་བའི་གནའ་གཏམ་ཤོད་བཞིན་ཡོད་ཅིང་། དེ་ནི་བྱིས་པ་ཞིག་གི་ངོས་ནས་བསམས་ན་ཅི་འདྲའི་བདེན་སྣང་གིས་ཁེངས་པ་ཞིག་རེད་ཨང་། སྤྱིར་ཁྱི་གུ་དང་བྱིས་པ་གཉིས་ལ་མཚུངས་ཆོས་བཀོད་ཆོག་སྟེ། འཇིག་རྟེན་ཁམས་ལ་ཁེངས་པའི་མཚར་སྣང་དང་སྐད་ཅིག་ཙམ་ལ་སྡོད་རྒྱུ་མེད་པའི་པྲ་ཆལ་ནི་ཅིས་ཀྱང་བསྒྱུར་ཐབས་མེད། ངས་ཆུང་དུས་སུ་ཁ་བ་བབས་པའི་དུས་ནི་ཅི་འདྲའི་སྤྲོ་སྣང་ལྡན་པའི་དུས་ཤིག་ལ་ངོས་འཛིན་བྱས་མྱོང་ཞིང་ཡན་པར་བཏང་བའི་ཁྱི་གུ་ནང་བཞིན་གངས་ཁྲོད་ནས་ཡར་མར་འགྲེ་ལྡོག་རྒྱག་པ་དང་གངས་མི་བཟོ་བ། གངས་རྩེད་རྩེ་བ་བཅས་མཚར་སྣང་གིས་ཁེངས་པའི་བྱིས་དུས་ཀྱི་སྐྱིད་སྣང་དང་ཁ་བར་དགའ་བའི་སེམས་པ་དེ་ད་ནི་མེད་པར་གྱུར་ཡོད་པ་འདྲ། ཁ་བ་འབབ་ཐེངས་རེ་ལ་སྒོ་ཁྱི་རང་འདོད་ལྟར་འགྲེ་ལྡོག་བརྒྱབ་ནས་རྒྱུག་པའི་གོ་སྐབས་མེད་ཅིང་། སྟེས་དབང་གིས་འདོགས་ནས་གྲོལ་བ་ནི་ལོ་མང་བཀག་སྡོམ་བྱས་པའི་བཙོན་པ་ཞིག་ཕྱི་རོལ་གྱི་འཇིག་རྟེན་ལ་རེ་སྒུག་དང་མཚར་སྣང་གིས་ཁེངས་པ་བཞིན་སྒོ་ཁྱིའི་རང་དབང་གི་འདོད་བློ་དེ་ད་ལྟ་དངོས་སུ་མྱངས་པ་ནི་ཅི་འདྲའི་ཡིད་དུ་འོང་བའི་ལམ་ལྷོངས་ཤིག་མ་ཡིན་ནམ། གནམ་གཤིས་འདི་འདྲའི་ནང་ནས་ང་རང་ད་སོ་མར་མལ་སའི་དྲོད་ཁོལ་ལས་ཕྱིར་བུད་པ་དང་། སླར་ཡང་གྲང་རླུང་གིས་ཁེངས་པར་གྱུར་པས་དམྱལ་བ་ལྟ་བུའི་ཚ་གྲང་གཉིས་འཐབ་ལ་བཟོད་ཐབས་བྲལ་ནས་དུས་ཚོད་ཐུང་ཐུང་གི་ནང་དུ་སྒོ་ཁྱི་ཕྱིར་འཁྲིད་ནས་བཏགས་དགོས་འདོད་ཀྱང་། རང་ཉིད་རྒྱུན་དུ་སྒོ་ཁྱིའི་ཉེ་འགྲམ་དུ་གཅར་མྱོང་མེད་ཕྱིན་སྟབས་མ་ལེགས་ན་རྨུག་པར་དོགས་ནས་ཅུང་ཟད་རྒྱང་དུ་བཀྱེད་དགོས་བྱུང་། རྒྱུན་དུ་ཨ་མས་སྒོ་ཁྱི་ནི་ཆེས་རྫི་གསང་རྣོ་ལ་ལྷག་བསམ་ཆེ་བའི་སེམས་ཅན་ཞིག་ཡིན་པས་བདག་པོ་ངོས་འཛིན་བྱེད་པའི་ནུས་པ་ཡོད་རེད་ཟེར། དེ་ཡང་བདེན་པར་འདུག་སྟེ་ང་རང་སྔོན་མ་ཁྱིམ་ལས་བུད་དེ་ཟླ་བ་ཁ་ཤས་སློབ་གྲྭར་སོང་ནས་ཕྱིར་ཡུལ་ལ་ལོག་དུས་སྒོ་ཁྱིས་ང་ལ་མི་ཟུག་ཅིང་བཏགས་ཕུར་གྱི་འགྲམ་ནས་ཡར་མར་རྒྱུགས་པའི་རྣམ་འགྱུར་ལ་བལྟས་ན་དངོས་གནས་ངོ་ཤེས་ཀྱིན་ཡོད་པ་འདྲ།

དེ་ལྟར་སྒོ་ཁྱི་བར་རེར་ང་ཡི་སྔུན་དུ་རྒྱུག་ཅིང་བར་རེར་རྒྱབ་ཏུ་རྒྱུགས་ནས་མཐར་ང་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་རྒྱུགས་སོང་། ངས་སྡེ་བའི་ར་བསྐོར་བརྒྱུད་དེ་ཁྱིའི་མེ་ཏོག་གི་དབྱིབས་དང་འདྲ་བའི་རྐང་རྗེས་བདས་ནས་ཡུན་རིང་སོང་། ཁྱི་ཡི་ཟུག་སྐད་རྣ་ལམ་དུ་ཇེ་ཉེ་དང་ཇེ་ཉེར་ཕྱིན་པ་བསྟུན་ཁྱིའི་ཉེ་འགྲམ་དུ་སླེབས། ངེད་ཚང་གི་སྒོ་ཁྱི་ནི་ཁྱི་ལྡོམ་དུ་མས་བསྐོར་བ་བྱས་ནས་ཕན་ཚུན་གཅིག་གིས་གཅིག་ལ་སྡིགས་མོ་བྱེད་པ་ལྟར་ཟུག་བཞིན་འདུག། དེ་ནི་ཨ་རིའི་གློག་བརྙན་《བཙོན་པ》ཞེས་པའི་ནང་གི་བྱུང་རིམ་དང་ཤིན་ཏུ་མཚུངས་སྟེ། བཙོན་པ་གསར་བ་ཞིག་བཙོན་ཁང་དུ་བསྐྱལ་ཚེ་བཙོན་ཁང་གི་ཡོད་ཚད་ལ་རྒྱུས་མངའ་མེད་པ་ཡིན་པས་བཙོན་པ་རྙིང་བ་ཚོས་ཁོ་ལ་ཐུབ་ཚོད་དང་གཅར་བརྡུང་ཅུང་ཟད་ལ་གཡོལ་ཐབས་མེད་པ་ནང་བཞིན་སྒོ་ཁྱི་ནི་ཆུང་དུས་ནས་སྐེ་ལ་ལྕགས་ཐག་བསྐོན་ཏེ་བཏགས་ཕུར་ལས་བྲལ་མྱོང་མེད་ཕྱིར་ཁྱི་ཡན་གཞན་ལྟར་གཡོ་ཟོལ་གྱི་ལྷད་དང་ཉམས་མྱོང་ཅི་ཡང་མེད་པས་ལད་མོ་བྱེད་པ་བཞིན་ཟུག་པའམ་གཞན་གྱིས་སོ་བཏབ་ཀྱང་བསྲན་ནས་སྡོད་པ་ལས་ཅི་བྱ་གཏོལ་བྲལ་དུ་གནས། ངས་གངས་རིལ་ཞིག་བརྫིས་ནས་ཁྱི་ཚོགས་ཀྱི་ཕྱོགས་སུ་འཕངས་པས་ཁྱི་གཞན་རྣམས་སྲན་ཕུང་དུ་དབྱུག་པས་རྡེག་པ་ལྟར་ཕྱོགས་བཞིར་ཐོར་སོང་། སྒོ་ཁྱི་ངས་ལག་ནས་བསྟན་པའི་རྩམ་རིལ་གྱི་དྲི་ངད་སྣོམ་བཞིན་ངའི་རྗེས་སུ་འབྲངས་ཡོང་། སྒོ་ཁྱི་བཏགས་ཕུར་གྱི་འགྲམ་དུ་ཁྲིད་ནས་འདོགས་གྲབས་བྱས་ཀྱང་ད་རུང་འདོད་བློ་ཡེ་ནས་གང་མེད་པ་འདྲ་ཞིང་ངའི་རྐང་བ་དང་ལག་པ་ལྡག་ཅིང་རྐང་འོག་ཏུ་འཛུལ་ནས་རྩེད་མོ་ཅུང་ཟད་རྩེ་རོགས་ཞེས་ཞུ་བ་བྱེད་པ་དང་ཨ་ན་མ་ན་རེད། ངས་ཨ་མ་ལགས་ལ་ཁྱི་འདི་མ་གཞི་ནས་གྲོལ་ཡོད་པས་ཉིན་དཀར་ལ་གུ་ཡངས་བཏང་ནས་དགོང་མོར་བཏགས་ན་ཨེ་ཆོག་ཅེས་རེ་བ་ཞུས་ཀྱང་ཁས་མ་བླངས། དོན་འདིས་སྒོ་ཁྱིའི་ལས་དབང་དང་བདག་གི་ཚོར་བ་གཞི་གཅིག་ཏུ་འདྲེས་པས་བསམ་གཞིག་གི་སྒོ་མོ་ཁད་ཀྱིས་ཕྱེས་པ་ལྟར་ང་ལ་བརྗོད་མི་ཤེས་པའི་ཚོར་བ་ཞིག་གིས་རེ་ཞིག་རབ་རིབ་ཏུ་བཏང་།

དོན་ངོ་མར་རང་རེའི་སྒོ་ཁྱི་ནི་སྒོ་ཡི་ཕྱི་ཕྱོགས་ཤིག་ཏུ་ལྕགས་ཐག་གིས་བཏགས་ནས་ཚེ་གང་རྫོགས་དགོས་པའི་སེམས་ཅན་ལས་ངན་ཞིག་ཡིན་ནམ། དྲི་བ་འདི་ནི་མི་མང་པོས་ད་ལྟའི་བར་དུ་དོ་སྣང་བྱེད་མྱོང་མེད་ལ་ལན་ཡང་དག་ཅིག་ལྡོན་རྒྱུ་དེ་བས་ཀྱང་དཀའ། བདག་གིས་དཔེ་དེབ་དང་གློག་བརྙན། དྲྭ་ལམ་སོགས་ལས་ཁྱིའི་སྐོར་གྱི་རྒྱུ་ཆ་དང་དངོས་ཡོད་འཚོ་བའི་ཁྲོད་ནས་གནས་ཚུལ་གང་མང་ཞིག་ལ་རྒྱུས་ལོན་བྱས་མྱོང་། དེ་ལས་གསལ་བ་ནི་ཁྱི་ཡང་མི་ནང་བཞིན་ཁོ་ཚོའི་འཚོ་བ་རོལ་སྟངས་དང་། རང་དབང་། ཐོབ་ཐང་དང་བདེ་སྐྱིད་བཅས་གཏན་ནས་མི་འདྲ་ལ་ཡངས་ས་ནས་གླེང་ན་ནུབ་ཕྱོགས་ཀྱི་སྒོ་ཁྱི་དང་ཤར་ཕྱོགས་པའི་སྒོ་ཁྱིའི་ལས་དབང་དང་འཚོ་བར་དབྱེ་བ་ཆེན་པོ་ལྡན་ལ་བོད་ཀྱི་སྒོ་ཁྱི་ནི་དེ་དག་དང་གཤིབ་བསྡུར་བྱེད་ས་མེད་པར་གྱུར་འདུག། མིག་སྔར་འཛམ་གླིང་ཐོག་གི་མི་རིགས་མང་པོས་སྒོ་ཁྱི་ནི་ཆེས་ལྷག་བསམ་དཀར་བའི་གཅེས་ཉར་སྲོག་ཆགས་ཀྱི་གྲལ་དུ་བཞག་ཡོད་ཅིང་། དེ་ལས་དབྱི་ཐ་ལི་དང་འཇར་མན། ཁ་ན་ཏ། ཉི་ཧོང་། ཧྥ་རན་སི།ཨ་རི་བཅས་ཀྱིས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་མང་པོ་གཏན་ཁེལ་བྱས་ཡོད་ལ་མང་ཤས་ཀྱིས་ཁྱི་ལ་མིའི་མིང་བཏགས་ཤིང་མིའི་འདུ་ཤེས་འཛིན་ནས་ཁྱིམ་མིའི་གྲལ་དུ་འཇོག་པ་དང་ཁྱི་ལ་མཐོང་ཆེན་དང་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་རྟོགས། ཁོ་ཚོའི་ཁྱི་ལ་ཆེད་དུ་བདག་གཉེར་བྱེད་མཁན་མི་དང་། ཁྱི་ཡི་ཆེད་དུ་ཟ་རྒྱུའི་ཟས་ཡོད་པར་མ་ཟད། ཁྱི་ཡི་ཐོབ་དཔང་ཨང་གྲངས་དང་ཡིག་ཆ་ཚང་མ་གློག་ཀླད་དུ་ཉར་ཡོད། གལ་ཏེ་བསམ་ཡུལ་ལས་འདས་པར་ཁྱི་བྲོས་ནས་བོར་བའམ་ཡང་ན་གནས་ཚུལ་བྱུང་ཚེ་འབྲེལ་ཡོད་སྡེ་ཁག་གིས་གློག་ཀླད་ནང་ཉར་ཚགས་བྱས་པའི་དཔྱད་གཞི་བརྒྱུད་ནས་བདག་པོར་བརྡ་གཏོང་དགོས། ཁོ་ཚོས་ད་དུང་ཁྱི་ཡི་གཟུགས་པོ་བཀྲུ་དགོས་ལ་ཉལ་གདན་དང་བཅས་པ་གཙང་ཉར་བྱེད།

གཅེས་ཉར་བྱས་པའི་སྒོ་ཁྱི་ནི་ཡ་ཁྱིམ་དང་མི་རྐྱང་མང་པོ་ཞིག་གི་གཏན་གྲོགས་སུ་གྱུར་ཡོད་པ་དང་། སྒོ་ཁྱི་དེ་དག་གིས་གོ་རིམ་དང་མགོ་མཇུག་མེད་པའི་མི་ཕལ་བ་ཞིག་ལས་བརྒལ་བའི་འཚོ་བར་རོལ་བཞིན་ཡོད། ནང་ལོག་གི་གྲོང་ཁྱེར་མང་པོའི་ནང་དུ་ཁྱི་ལ་གོས་བསྐོན་ནས་སྲང་བར་དུ་ཁྲིད་ནས་འགྲོ་བ་མཐོང་ཐུབ་མོད། དེ་ནི་མི་ལ་ལས་ཕ་མར་ཞབས་ཞུ་མེད་ཅིང་ལས་ངན་གྱི་ཁྱི་ཞིག་ལ་དེ་ལྟར་བྱས་པ་ནི་འོས་མེད་ཡིན་ཚུལ་བརྗོད་བཞིན་ཡོད་ཀྱང་། དོན་འདིས་མ་མཐའ་ཡང་རང་རང་གི་སྒོ་ཁྱི་གཅེས་ཉར་བྱེད་པའི་རྣམ་འགྱུར་ཞིག་གསལ་བོར་མཚོན་ཐུབ་པས་རང་སྣང་གང་ཤར་གིས་བཤད་ན་ཅི་ཡང་ཁ་ཚོན་གཅོད་མི་ཐུབ་སྙམ། རྒྱལ་ཁབ་མི་གཅིག་པ་དང་མི་རིགས་མི་གཅིག་པ། ས་ཁུལ་མི་གཅིག་པ་ལས་ཁྱི་ལ་གཏད་པའི་རྣམ་འགྱུར་མི་འདྲ་ལ་ཁྱིའི་འཚོ་བ་རོལ་སྟངས་ཀྱང་མ་གཞི་ནས་ཧེ་བག་ཆེན་པོ་ཤོར་འདུག།

རང་རེ་བོད་པ་རྣམས་ནི་སེམས་ཅན་ཐམས་ཅད་འདྲ་མཉམ་གྱི་ལྟ་བས་བརྟས་པའི་མི་རིགས་ཤིག་ཡིན་པའི་ཡིད་ཆེས་ཧ་ཅང་ཆེ་ཡང་། ང་ཚོས་གནའ་ནས་ད་བར་དུ་སྒོ་ཁྱི་དང་ཤ་ཁྱི་གསོ་བའི་སྲོལ་ཡོད་པ་ལས་ཁྱི་ཡི་བདེ་སྡུག་ལ་དོ་སྣང་ཞིབ་ཕྲ་བྱས་ནས་གཅེས་ཉར་བྱེད་པའི་གོམས་སྲོལ་ཁྱབ་གདལ་དུ་སོང་མེད་སྟབས། སྒོ་ཁྱིས་རང་ནུས་ལ་བརྟེན་ནས་མི་ལ་ཕན་པ་ག་ཚོད་བསྐྲུན་པ་ལས་ཁྱིའི་བདེ་སྡུག་ལ་དོ་ཁུར་བྱེད་མཁན་ཉུང་ཉུང་ཡིན། དེ་བས་བོད་ཀྱི་སྒོ་ཁྱི་དག་ནི་ནམ་ཡང་ཕྱི་རོལ་ཞིག་ཏུ་བཏགས་ཏེ་ཟས་ལྷག་འཐུང་ལྷག་ཙམ་བླུད་ནས་དལ་གྱིས་བཞུར་བའི་ལོ་ཟླ་རིང་མོ་སྐར་ཆ་རེ་རེ་ཡིས་འཛད་པར་བསྒུག་དགོས་པ་རེད། སྒོ་ཁྱི་ཡིས་མཚན་གྱི་མེལ་ཚེ་དང་ཉིན་གྱི་བྱ་ར་བྱས་ཏེ་ལྕགས་ཕུར་གྱི་འགྲམ་དུ་ཡང་ནས་བསྐྱར་དུ་བསྐོར་བ་རྒྱག་གིན་ནམ་ཟླའི་ཚ་གྲང་དང་ལོ་ཟླའི་གདུག་རྩུབ་ཀྱི་འོག་ནས་རང་གིས་རྟག་ཏུ་ཟུག་པའི་འོས་འགན་དེ་ཡེ་ནས་བརྗེད་མྱོང་མེད་ཀྱང་། བྱ་བྱེད་ཡོད་དོ་ཅོག་བདག་པོ་ཁོ་ནས་བདག་གིར་འཛིན་པ་ལས་དམིགས་བསལ་གྱི་ཐོབ་ཐང་སྟེ་ཁྱིའི་བདེ་སྡུག་ལ་བསམ་བློ་གཏོང་མཁན་གྱི་བདག་པོ་དེ་དག་ནང་བཞིན་རང་རེའི་ཁྱིམ་ཚང་མང་ཆེ་བས་ཆེད་དུ་ཟས་ཞིམ་པོ་བཟོ་བ་དང་ཚ་བའི་དུས་སུ་བསིལ་གྲིབ། འཁྱག་པའི་དུས་སུ་དྲོད་ཁོལ། ན་བའི་དུས་སུ་སྨན་པར་བསྟན་པ་བཅས་མ་མཐའི་སེམས་ཁུར་ནི་དུས་ད་ལྟའི་བར་དུ་དྲན་མྱོང་མེད་པ་འདྲ།

ངེད་ཚང་གི་སྒོ་ཁྱི་ཡང་འཁྱག་ལྟོགས་ཚད་མེད་མྱངས་ནས་ན་ཟུག་སློང་བའི་གནས་སུ་ལྷུང་མེད་ཀྱང་ལུས་ཀྱི་དབང་ཆ་ནམ་ཡིན་ཡང་ང་ཚོས་བདག་གིར་བྱས་པས་སེམས་པ་དང་མིག་ཟུང་ཁོ་ན་རྒྱང་རིང་ངམ་ཕྱི་རོལ་ཏུ་བསྲིངས་པ་ཙམ་ལས་ཅི་ཡང་མེད་པ་དང་། སྒོ་ཁྱིས་འཇིག་རྟེན་ལ་གོམ་གསུམ་སྤོ་དབང་མེད་པའི་ཉམ་ཐག་གི་ལས་དབང་ལ་གདོང་གཏད་དུས་ངས་སྒོ་ཁྱི་ཟུག་པའི་སྒྲ་ཡི་ཁྲོད་དུ་སྡུག་བསྔལ་གྱི་འཚོ་བ་མཚོན་པའི་ལས་དབང་གི་མཉམ་སྒྲོག་རོལ་དབྱངས་ཤིག་ཆད་མ་མཐུད་ཀྱིས་ལེན་བཞིན་ཡོད་པ་གཞི་ནས་ཚོར་བྱུང་།

  • ལེ་ཚན་སྔོན་མ།:བསྐྱར་འདོན་སློབ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།