མགྱོགས་སྦྲག་དངོས་པོ་ལེན་དུས། རིམས་འགོག་ཐད་དོ་སྣང་བྱ་དགོས་པའི་གནད་དོན་འགའ།

        2022-12-13

རིམས་འགོག་གི་སྐབས་སུ་མགྱོགས་སྦྲག་དངོས་པོ་ཇི་ལྟར་བླངས་ན་འོས་འཚམ་ཡིན་ཟེར་ན། “ འགོག་སྲུང་རྨང་གཞིར་འཛིན་པ་དང་། ཐུག་འཕྲད་མི་བྱེད་པ། ཕྱི་ཐུམ་ལ་དུག་སེལ་བྱེད་པ། ལག་པ་གཙང་མར་བཀྲུ་བའི”མན་ངག་འདི་དག་ཡིད་ལ་འཛིན་རྒྱུ་ཤིན་ཏུ་གལ་ཆེ། ཆེད་མཁས་པས་བཤད་པ་ལྟར་ན། མགྱོགས་སྦྲག་དངོས་པོ་ལེན་དུས་གོང་གི་མན་ངག་འདིས་བསྟན་པ་ནང་བཞིན་དུ་ལེན་དགོས་པ་ལས་གཞན་མགྱོགས་སྦྲག་དངོས་པོ་ལེན་ས་རུ་མི་མང་པོ་འདུ་རུབ་བྱས་ཡོད་ན་འགྲོ་མི་ཉན་པར་མི་མེད་དུས་དང་ཉུང་དུས་འགྲོ་དགོས་པར་མ་ཟད། མི་གཞན་པ་དང་བར་ཐག་འཛིན་དགོས། གལ་ཏེ་ཡི་གེ་བྲིས་ནས་ལེན་དགོས་པ་ཞིག་ཡིན་ན། རང་གིས་གྲ་སྒྲིག་བྱས་ཡོད་པའི་སྨྱུ་གུ་ཡིས་མིང་རྟགས་འབྲི་དགོས་ཟེར། དེ་མིན་གཤམ་གྱི་དོན་ཚན་འདི་དག་གི་ཐད་ནས་ཀྱང་མཉམ་འཇོག་བྱེད་དགོས་ཏེ།

གཅིག སྒོ་ཕྱི་ལ་མགྱོགས་སྦྲག་དངོས་པོ་ལེན་པར་འགྲོ་དུས། ཁ་ཐུམ་ལེགས་པར་རྒྱག་པ་དང་གཅིག་སྤྱོད་ལག་ཤུབས་གྱོན་དགོས་ལ། མགྱོགས་སྦྲག་པ་དང་ཐུག་འཕྲད་མ་བྱས་ན་བཟང་། ཁ་པར་ལས་མགྱོགས་སྦྲག་དངོས་པོ་གཏན་ཁེལ་གྱི་གནས་སུ་བཞག་ཡོད་ཟེར་ན། ཐུག་འཕྲད་མི་བྱེད་པའི་སྒོ་ནས་མགྱོགས་སྦྲག་ལེན་པ། གལ་ཏེ་ཡུལ་དངོས་ནས་ཡི་གེ་བྲིས་ཏེ་ལེན་དགོས་ན། མགྱོགས་སྦྲག་པ་དང་ཐག་ཉེ་བའི་ཐུག་འཕྲད་དང་ཁ་བརྡ་མི་བྱེད་པ་དང་། རྨིད་གཅིག་ཡན་གྱི་བདེ་འཇགས་བར་ཐག་འཛིན་དགོས།

གཉིས། མགྱོགས་སྦྲག་དངོས་པོའི་ཕྱི་ཐུམ་ལ་ཐུག་རེག་མ་བྱས་པའི་སྔོན་དུ། བརྒྱ་ཆ75ཅན་གྱི་ཆང་བཅུད་དང་ཡང་ན84དུག་སེལ་གཤེར་ཁུ་གཏོར་ནས་དུག་སེལ་བྱེད་པའམ་ཡང་ན་གཅིག་སྤྱོད་ལག་ཤུབས་གྱོན་ནས་ཕྱི་ཐུམ་ལ་ཐུག་པ་ལས་ལག་པས་ཐད་ཀར་ཕྱི་ཐུམ་ལ་ཐུག་རེག་བྱེད་མི་ཉན།

གསུམ། སྒོ་ཕྱི་ནས་ཕྱི་ཐུམ་གཤགས་ཏེ་ནང་གི་དངོས་པོ་བླངས་རྗེས་ཕྱི་ཐུམ་ཁྱིམ་ནང་ལ་མ་འཁྱེར་ན་བཟང་།

བཞི། ཟས་རིགས་མ་ཡིན་པའི་མགྱོགས་སྦྲག་དངོས་པོའི་ཕྱི་ངོས་ལ་བརྒྱ་ཆ75ཅན་གྱི་ཆང་བཅུད་གཏོར་ནས། མགྱོགས་སྦྲག་དངོས་པོའི་ཕྱི་ངོས་ཚང་མ་རློན་པར་བསྒྱུར་དགོས་ཤིང་། དེ་ནས་རླུང་རྒྱུ་ས་ཞིག་ལ་བཞག་ནས་སྐར་མ་སུམ་ཅུའི་རིང་འཇོག་དགོས། ཟས་རིགས་ཡིན་ན་ངེས་པར་དུ་གཙང་མར་བཀྲུ་དགོས་ལ། སྔོ་ཚོད་དང་ཕག་ཤ བྱ་ཤ་སོགས་བཙོ་དགོས་པའི་ཟས་རིགས་བཙོས་ནས་ཚོས་ཐག་ཆོད་དུ་འཇུག་དགོས།

ལྔ། མགྱོགས་སྦྲག་དངོས་པོ་བླངས་རྗེས། བཞུར་བཞིན་པའི་ཆུ་ལ་བརྟེན་ནས་ལག་པ་བཀྲུ་དགོས་ཤིང་། ལག་འཁྲུད་གཤེར་ཁུའམ་འདག་རྫས་ཏོག་ཙམ་བླངས་ནས་ལག་པའི་ཕྱི་ནང་གཉིས་དང་། མཛུབ་མོའི་བར་ལ་བསྐུས་ཏེ“ལག་པ་བཀྲུ་བའི་གོ་རིམ་བདུན”ལྟར་སྐར་ཆ་ཉི་ཤུ་ལྷག་གི་རིང་ལ་ལག་ཟུང་གཙང་མར་བཀྲུ་དགོས།

རིམས་ནད་ཀྱི་སྐབས་འདིར་སྦྲག་དངོས་དང་མགྱོགས་སྦྲག་དངོས་པོ་འགོར་འགྱངས་བྱེད་པའམ་ཁེགས་པར་འགྱུར་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད་པས་ཀུན་གྱིས་སྦྲག་སྲིད་དང་མགྱོགས་སྦྲག་ཁེ་ལས་ཀྱི་དྲྭ་ཚིགས་དང་སྤྱི་སྟེགས་ཀྱི་ཁྱབ་བསྒྲགས་ལ་དོ་སྣང་བྱ་རྒྱུ་གལ་ཆེ།།

  • ལེ་ཚན་སྔོན་མ།:ཏོག་གསར་ནད་དུག་དཔེ་བཤེར་ཐུར་ལེན་སྐོར་གྱི་ཤེས་བྱ།
  • ལེ་ཚན་རྗེས་མ།:ཤ་ཉར་ཚགས་བྱ་ཐབས།