ཞི་ཅིན་ཕིང་གིས་ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ་དང་མཇལ་འཛོམས་གནང་བ།

        2025-09-08

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ9ཚེས་4ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་མཁན་ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ་དང་མཇལ་འཛོམས་གནང་བ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བའི་ངེས་གནས་དེ་ཀྲུང་གོ་དང་ཁོང་ཀོའི་ཆུ་ཚད་མཐོ་བའི་ལས་དབང་གཅིག་མཐུན་ཚོགས་པར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།      ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁོང་ཀོ(པུའུ)ཡིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ཚུན། ཀྲུང་གོ་ཕྱོགས་དང་མཉམ་དུ་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བཏང་བར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”ཐུན་མོང་ཐོག་ལག་ལེན་ཡག་པོ་བསྟར་ཏེ། ལྗང་མདོག་ཐོན་ལས་དང་། དྲ་ཐོག་ཚོང་དོན་དང་གཏོང་སྤྲོད། ཚན་རྩལ། མི་ཐབས་རིག་ནུས་སོགས་ཀྱི་འཕར་གཞི་གསར་པ་བཏོད་ནས། ཀྲུང་ཧྥེའི་མཉམ་ལས་སྤུས་ལེགས་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། མིག་སྔའི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་པས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་དང་། འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་དགོས།

སཱ་སུའུ་ཡིས་གསུངས་དོན། ཀྲུང་གོས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བའི་དྲན་གསོའི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེ་ཐོག་ནས། ཀྲུང་གོ་མི་དམངས་ཀྱི་བློ་སྟོབས་དང་འཛམ་གླིང་མི་དམངས་ཀྱི་མཐུན་སྒྲིལ་གང་ལེགས་མངོན་ཡོད་པས། བྱེད་སྒོ་དེའི་ནང་ཞུགས་ནས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་ཞི་བདེར་སྲུང་སྐྱོང་དང་འབྱུང་འགྱུར་གསར་གཏོད་བྱེད་པར་སྤོབས་པ་ཆེན་པོ་སྐྱེ་གི་འདུག ཁོང་ཀོ་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་མཐོ་བའི་ལས་དབང་གཅིག་མཐུན་ཚོགས་པར་རིམ་སྤོར་བྱས་ནས། ཕྱོགས་གཉིས་པོས་ཐུན་མོང་དར་རྒྱས་དང་ཐུན་མོང་འཕེལ་རྒྱས་གཏོང་བའི་སྒྲོམ་གཞི་གསར་པ་གཏན་འཁེལ་བྱས་ཡོད། ཁོང་ཀོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་དང་ཀྲུང་གོ་ཕྱོགས་ཀྱི་ཁྱབ་ཁོངས་ཁག་དང་མཉམ་ལས་དམ་ཟབ་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཁོང་ཀོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་ཧྥེའི་མཉམ་ལས་ལ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་བཏང་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད། ཁོང་ཀོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོར་རྦད་དེ་མོས་མཐུན་བྱེད་ཀྱི་ཡོད། གྲོས་འགོ་གལ་ཆེན་དེས་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་ཕན་པ་ཐོབ་པར་ཕན་ཐོགས་ཡོད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཀྲུང་གོས་སྒོ་ཁྲལ་མེད་པའི་བྱེད་ཐབས་ལག་ལེན་བསྟར་བར་ཁོང་ཀོ་ཕྱོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱས་ནས། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཚོང་དོན་སྲིད་ཇུས་ཀྱི་གོ་སྐབས་གསར་པར་དམ་འཛིན་བྱེད་འདོད་ཡོད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་མཇལ་འཛོམས་གནང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10