ཞི་ཅིན་ཕིང་གིས་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་མཇལ་འཛོམས་གནང་བ།

        2025-09-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་མཁན་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སེར་པི་ཡ་ནི་ཀྲུང་གོ་དང་དུས་རབས་གསར་པའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་མཁན་ཡོ་རོབ་ཀྱི་རྒྱལ་ཁབ་དང་པོ་ཡིན་པ་དེ་ཐོག་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དམིགས་བསལ་རང་བཞིན་དང་ཆུ་ཚད་མཐོ་པོ་གང་ལེགས་མཚོན་ཡོད། གྲོགས་པོ་བློས་ཐུབ་ཅིག་ཡིན་པའི་ངོས་ནས། སེར་པི་ཡས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ནས། རང་ངོས་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཡག་པོ་ཞིག་གཏོད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རང་མོས་ཚོང་དོན་གྱི་གྲོས་ཆོད་དང་ཕན་ཚུན་ཐོངས་མཆན་མི་དགོས་པ་དང་ཐད་གཏོང་མཁའ་ལམ་སོགས་སྟབས་བདེ་བའི་བཀོད་སྒྲིག་གང་ལེགས་སྤྱད་དེ། མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས། ཀྲུང་གོ་དང་སེར་པི་ཡའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

    ཝུའུ་ཆི་ཆིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོ་བདེ་བླག་ངང་གཉེར་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་འཛམ་གླིང་ལ་མངོན་པར་རྟེན་འབྲེལ་ཞུ་གི་ཡིན། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་ནས་བཏོན་པའི་གྲོས་འགོ་གལ་ཆེན་གཞན་ཞིག་ཡིན་པ་དང་། དེའི་ཁྲོད་ཀྱི་བདག་དབང་འདྲ་མཉམ་ལག་བསྟར་དང་མི་གཙོ་བོར་འཛིན་པ་དར་སྤེལ་གཏོང་བ་སོགས་ཀྱི་འདུ་ཤེས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། སེར་པི་ཡ་ཕྱོགས་ཀྱིས་རྦད་དེ་རྒྱབ་སྐྱོར་བྱེད་ཀྱི་ཡོད། སེར་ཀྲུང་ནི་གྲོགས་པོ་བློས་ཐུབ་ཡིན་པས། སེར་པི་ཡ་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་སུ་ཀྲུང་གོས་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བ་སེར་པི་ཡ་ཕྱོགས་ཀྱིས་ནམ་ཡང་བརྗེད་མི་སྲིད་ལ། ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཚང་མར་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། སེར་ཀྲུང་གི་དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་སེར་པི་ཡར་མ་འཇོག་ལས་དར་བྱེད་པར་ཡང་དགའ་བསུ་ཞུ་གི་ཡིན།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་མཇལ་འཛོམས་གནང་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ་དང་མཇལ་འཛོམས་གནང་བ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10