2025-09-01
དཔེ་ཀློག་ནི་ཉི་འོད་དྲོན་པོ་ཞིག་དང་འདྲ་བས། ཁྱེད་ཀྱིས་དཔེ་ཀློག་གི་ཉི་འོད་དྲོན་པོ་འདི་ལོངས་སུ་སྤྱད་ཤེས་ན་ད་གཟོད་ཁྱེད་ཀྱི་མི་ཚེའི་འདུན་མ་ལ་འོད་སྟོང་གི་དྲོད་ཁོལ་འཛོམས་ཤིང་ཕུགས་བསམ་འཚོལ་སྙེག་གི་མདུན་ལམ་ཡངས་པོ་རུ་རིན་བྲལ་གྱི་ཟེར་མདངས་འཕྲོ་སྲིད། དེ་བས་དཔེ་ཀློག་ནི་ཕུགས་བསམ་དང་ལྡན་པའི་མི་ཞིག་ཡིན་ནས་བཟུང་ཁ་འབྲལ་ཐབས་མེད་པའི་གནད་ཀྱི་དམ་པ་དེ་ཅི་ལ་མིན།
སྐུ་ཚེ་ཐོས་བསམ་གྱིས་བསྐྱལ་བའི་སྔོན་བྱོན་མེས་པོ་གོང་མ་ཚོ་དང་འཛམ་གླིང་ཡུལ་གྲུ་ཁག་གི་སྐྱེས་ཆེན་སོགས། སུ་དང་གང་ཞིག་ཡིན་རུང་དཔེ་ཀློག་ཐོས་བསམ་གྱི་མདུན་ལམ་བརྒྱུད་ནས་ཤེས་རབ་འོད་ཀྱིས་ཐུགས་རྒྱུད་གསལ་སོང་བ་ཡིན་པས། དཔེ་ཀློག་གིས་མི་ཞིག་གི་རྒྱུད་ཀྱི་ཤེས་རབ་རྒྱ་བསྐྱེད་ཐུབ་ལ། བླ་ན་མེད་པའི་མི་ཚེའི་རིན་ཐང་ཡང་རྙེད་སྲིད། ད་ལོའི་འཛམ་གླིང་དཔེ་ཀློག་གི་ཉིན་མོ་ནས་མགོ་བརྩམས་ཏེ་ངེད་ཁམས་ཀྱི་ཚགས་པར་ཁང་གི་འཕྲིན་སྟེགས་འདི་ག་ནས་རྩོམ་རིག་སྒྱུ་རྩལ་གྱི་ལམ་ཁ་ལ་ཕྱོགས་བཞིན་པའི་རྩོམ་པ་པོ་དག་གི་རང་ཉིད་ཀྱིས་དཔེ་ཆ་གང་ཞིག་བཀླགས་པའི་མྱོང་ཚོར་དག་གཟའ་འཁོར་རེ་རེ་བཞིན་མུ་འགོད་བྱེད་བཞིན་ཡོད་ལ། འདིས་ཕ་སྐད་མ་ཡིག་གི་གསར་རྩོམ་ལ་འཇུག་བཞིན་པའི་རྩོམ་པ་པོ་དཔུང་སྡེ་གསར་པ་གསོ་སྐྱོང་ལ་རམ་འདེགས་ཤིག་ཨེ་འཁྱོང་གི་འདུན་པ་དང་ལྡན་པའོ།། ༼རྩོམ་སྒྲིག་པས་ཕུལ།༽
《མཁའ་འགྲོ་མའི་ཐང་ཆུ》བཀླགས་པའི་མྱོང་ཚོར།
ཁྱུང་མཆུ། ལྗང་སྨྱུག།
དེབ་འདི་ནི་བརྩམས་སྒྲུང་གི་ལམ་ནས་བྲིས་པ་ཞིག་ཡིན་ཞིང་། ང་ཚོ་དང་ཁ་ཉེ་ཐག་ཉེ་ཡི་སྣང་ཚུལ་མང་པོ་ཞིག་བརྗོད་བྱར་དྲངས་ནས་བྲིས་པ་ཞིག་རེད། དཔེར་ན། དེའི་ནང་གི་གཅིན་དང་རྐུན་མ། མཚན་གཞུང་གི་འདྲེ་བཤད། སྒོར་མོ་གཅིག་སོགས་ང་ཚོ་སློབ་མ་ཡིན་དུས་སྐབས་སུ་རང་སྟེང་ངམ་ཉེ་འཁོར་གྱི་སློབ་གྲོགས་རྣམས་ཀྱི་སྟེང་དུ་བྱུང་བ་ཤ་སྟག་ཅིག་རེད།
《གཅིན》ལྟ་བུ་ནི་བར་རྒྱུགས་ལེན་པའི་དུས་ཤིག་ལ་ཁོ་ཞེས་པའི་མི་སྣ་དེས་གཅིན་པ་གཏང་རྒྱུ་བྱུང་མོད། རྒྱུགས་ལ་ལྟ་རྟོག་བྱེད་པའི་དགེ་རྒན་ལ་ཡར་ཞུ་བྱེད་མ་ཕོད་པར་མཐར་དྲོད་ལམ་ལམ་དང་བརླན་ཤུར་ཤུར་གྱི་ཚོར་བ་འདྲེས་མ་ཞིག་གིས་ཁོའི་ཁོག་སྨད་ཡོངས་རྫོགས་སྦངས་བྱུང་བ་རེད། གཅིན་པ་མ་ཤོར་བའི་ཡར་སྔོན་དུ་ཁོ་ལ་བྲེལ་འཚུབ་དང་དངངས་སྐྲག་མཉམ་འདྲེས་སུ་ལུས་ཡོངས་སུ་ཁྱབ་ཅིང་ན་ཟུག་ཀྱང་གློག་འཁྱུག་པ་ལྟར་ཀླད་ལྟག་ནས་སྒལ་བར་བརྒྱུགས་ཤིང་། སྒལ་བ་ནས་ཐུར་དུ་བབས་ཏེ་གསུས་ཆུང་སྦྲིད་བེར་བེར། བརླ་རྩ་ཚ་རེག་རེག་ཏུ་བཏང་། ཐ་ན་མིག་ཟུང་ཡང་རབ་རིབ་ཏུ་གྱུར། བསམ་གཞིག་རེ་བྱས་ཚེ་སྐབས་དེའི་ཚོར་བ་ནི་དངོས་གནས་སྙིང་རྗེ་བའམ་ཇི་འདྲའི་ན་ཟུག་ཅིག་གིས་བཅང་བ་ཞིག་ལོས་ཡིན་སྙམ་ཡོང་། གཅིན་པ་ཤོར་རྗེས་དགེ་རྒན་གྱིས་ཤེས་པར་སྐྲག་ནས་ཡང་བསྐྱར་དངངས་སྐྲག་གིས་བཅངས་ཤིང་སློབ་གྲོགས་རྣམས་ཀྱི་ཤེས་པར་དོགས་ནས་ངོ་ཚ་དང་འཕྱ་དམོད་ལ་སྐྲག་པ། མཐར་དགེ་རྒན་གྱི་དོར་མ་ཁོས་གྱོན་ཞིང་། དགེ་རྒན་གྱིས་མི་གོས་ཀྱིས་བརྒྱན། བྱ་སྒྲོ་ཡིས་བརྒྱན་ཞེས་བསྟོད་བསྔགས་བྱས་པས་ཁོའི་སེམས་རྩ་དྲོད་ཀྱིས་ཁེངས་པ་སོགས་བྲིས་ཡོད། གཅིན་པ་མ་ཤོར་བའི་སྔོན་དང་དེའི་རྗེས། མཐར་དགེ་རྒན་གྱིས་ཐག་གཅོད་བྱས་ཚུལ་སོགས་བྲིས་པ་བརྒྱུད་ནས་ཐབས་ཤེས་སམ་སློབ་གསོ་ཞིག་གི་ངང་ཚུལ་བྲིས་ཡོད་པ་འདོད། དཔེར་ན་དགེ་རྒན་ཁྱེད་ཀྱིས་སློབ་མའི་སེམས་ཁམས་སོགས་རྟོགས་ནས་འཛིང་མོ་དང་གཤེ་གཤེ་སོགས་གང་ཡང་མ་བྱས་པར་མ་ཟད། དེ་ལས་ལྡོག་སྟེ་གྱོན་པ་བརྗེས་ཤིང་དགེ་རྒན་གྱིས་ཇ་ཕོར་ཁོའི་སྟེང་དུ་ཤོར་ཁར་བྱས་ནས་གཅིན་ཤོར་བ་དེ་སྦས་པ་རེད། དེ་ནི་སློབ་མའི་ལ་རྒྱ་ལ་འགེབ་སྲུང་བྱ་ཆེད་ཀྱང་ཅི་ལ་མིན།
《རྐུན་མ》ཞེས་པ་ནི་ཕུ་བོས་སྒོར་ཁུག་ཅིག་རྙེད་དེ་ནུ་བོ་ལ་དགེ་རྒན་དུ་སྤྲོད་དུ་བཅུག་པ་རེད། ཐོག་མར་ནུ་བོ་ལ་དགེ་རྒན་གྱིས་བཟང་བསྟོད་བྱས་ཏེ་བྱིས་པ་ཡ་རབས་ཡིན་ཚུལ་གྱི་བསྟོད་བསྔགས་མི་སེམས་བསླུ་བ་ཞིག་བྱས། འོན་ཏེ་ཕྱིར་ཉིན་ཁོ་གཉིས་དགེ་རྒན་གྱིས་གཞུང་ལས་ཁང་དུ་བོས་ནས་འདྲི་གཅོད་ནན་མོ་བྱས། དགེ་རྒན་གྱིས་སྒོར་མོ་གང་ཞིག་ཁྱེར་ཡོང་བར་དྲིས། སྐབས་དེར་ཚིག་རྩུབ་དང་གཅད་རྡུང་ཡང་བྱས་པ་རེད། ཁོ་གཉིས་ཀྱི་ཕ་མ་ཕྱི་སོར་ལས་ཀ་ལ་ཆས་པས་ཁོ་གཉིས་ཡུལ་ལ་ལུས་ཡོད། དགེ་རྒན་གྱིས་ཁྱོད་གཉིས་སུ་ལའང་མ་དགོས་པ་རེད་ཅེས་སྨྲས། གང་ལྟར་མི་སེམས་ལ་གནོད་པའི་གཏམ་སྣ་ཚོགས་བཤད་ཀྱང་། ཁོ་གཉིས་ཀྱིས་མ་བརྐུས་པ་ཇི་ལྟར་ར་སྤྲོད་དང་གསལ་འདེབས་བྱས་ཀྱང་དགེ་རྒན་ནི་གདོན་གྱིས་བཟུང་པ་ལྟར་ཡིད་ཆེས་རྩ་བ་ནས་མ་བྱས་པ་རེད། མཐར་དགེ་རྒན་ཐབས་ཟད་དེ་ཁོ་གཉིས་ཕྱིར་མངགས་པ་རེད། དེ་ནི་དངོས་གནས་ཉེས་མེད་ལ་ཉེས་འགལ་ཅི་ལ་མིན། ཉེས་འགལ་གྱི་སྟེང་དུ་སྡིགས་མོ་དང་གཅད་རྡུང་ནི་མིག་སྐྲངས་ཐོག་ཁུ་ཚུར་རམ་རྨ་ཁའི་སྟེང་ལ་ཚྭ་ཁུར་གྱུར་འདུག། དེ་ནི་བརྟག་དཔྱད་ཀྱིས་མ་འདང་ཞིང་བཙན་ཤུགས་དང་། དབང་ཤུགས་ཀྱིས་བཙུར་བའི་སྐྱོ་གར་ཞིག་ཅི་ལ་མིན།
《སྒོར་མོ་གཅིག》ཅེས་པ་ཡང་སློབ་མ་ཞིག་ལས་བྱ་འབྲི་དེབ་བོར་བས་དགེ་རྒན་ལ་ལས་བྱ་སྤྲོད་རྒྱུ་མེད་པ་བྱུང་། དགེ་རྒན་གྱིས་ལས་བྱ་སྤྲོད་ཀྱི་མེད་པར་ཆད་པ་བཅད་དེ་ཕྱི་དྲོ་དུས་ལྟར་ཁྱིམ་དུ་མ་མངགས་པར་སློབ་གྲྭའི་ར་སྐོར་ནས་ལས་བྱ་འབྲི་རུ་བཅུག་པ་རེད། ཐེངས་ཤིག་ལ་ཚོགས་ཐུན་ལའང་ཉན་དུ་མ་བཅུག་པར་སྒོ་རུ་ཕུད་བྱུང་། ཕྱི་རོལ་ཏུ་བྱིས་པ་གཉིས་རྩེ་མོ་ལ་གཡེང་བ་རིག་ནས་ཁོས་དེ་ལ་བལྟས་ནས་བསྡད་མོད། གློ་བུར་དུ་བྱིས་པ་ཞིག་ངུས་བྱུང་བས་ཁོ་དངངས་སྐྲག་སྐྱེས་ནས་དེ་ལ་ངུ་ཁ་ལེན་པར་འགྲོ་བསམ་མོད་ཡང་དགེ་རྒན་གྱིས་རང་གིས་དེ་ངུ་རུ་བཅུག་པ་རེད་བསམ་པར་དོགས་ནས་རྒྱང་དུ་བཀྱེད་མོད། གློ་བུར་དུ་ཐུན་གྲོལ་ནས་དགེ་རྒན་དང་སློབ་གྲོགས་མང་པོ་རུབ་ནས་བྱིས་པ་དེའི་ངུ་ཁ་བླངས་བྱུང་། གློ་བུར་དུ་ཚེ་རིང་ཞེས་པ་སུ་རེད་ཅེས་བོས་བྱུང་། སློབ་གྲོགས་རྣམས་ཀྱིས་ཁོ་ལ་མཛུབ་མོར་བསྟན་པས་དགེ་རྒན་གྱིས་འགྲམ་ལྕག་ཚ་བེར་བེར་ཞིག་གཞུས་ཏེ་བུད་སོང་། ཡིན་པ་ཡིན་ན་གཤོག་བྱ་ལས་སྤྱད་དེ་ནི་ཁོའི་འབྲི་དེབ་ཀྱི་མདུན་ངོས་ཡིན་འདུག། བྱིས་པ་གཞན་པས་གཤོག་བྱ་དེས་བྱིས་པ་དེའི་མིག་ལ་བརྒྱབ་པས་རེད། ཚེ་རིང་གི་ལས་བྱ་འབྲི་དེབ་བོར་བའི་ཁར་རྒྱུ་མཚན་ཅི་ཡང་མེད་པར་གཅད་རྡུང་ཉོས་པ་རེད། ཚེ་རིང་མཐར་ཐབས་ཟད་འུ་ཐུག་ཏུ་གྱུར་ནས་ཨ་ཕའི་སྒོར་ཁུག་ལས་སྒོར་མོ་གཅིག་བརྐུས་པ་རེད། མཐར་དེ་ཡང་བོར་བ་རེད། མཐར་དགེ་རྒན་གསར་པ་ཞིག་གིས་འབྲི་དེབ་ཅིག་བྱིན་པ་རེད།
མདོར་ན་དེབ་འདི་རུ་དགེ་རྒན་དང་སློབ་མའི་བར་གྱི་འགལ་ཟླའམ་གནས་ཚུལ་མང་པོ་ཞིག་དྲངས་ནས་བྲིས་པ་ཞིག་རེད།
གུ་དྲག་ཚེ་རིང་།
དངོས་མིང་ལ་གུ་དྲག་ཚེ་རིང་ཟེར་ཞིང་པིར་མིང་དུ་ལྗང་སྨྱུག་ཅེས་འབོད། རྔ་བ་ཁུལ་ཁྱུང་མཆུ་རྫོང་གསེར་དེའུ་ཡུལ་ཚོ་ནས་འཚར་ལོངས་བྱུང་བའི་འབྲོག་ཕྲུག་རྣལ་མ་ཞིག་ཡིན་ལ། མཐོ་འབྲིང་གི་སྐས་ཐེམ་འཛེགས་རྗེས་སློབ་གླིང་འགྲིམ་པའི་བསྐལ་བར་བྲལ་ཏེ་ཕྱུགས་ལས་ཀྱི་ལས་སུ་ཞུགས། ཆུང་ནས་རྩོམ་ཡིག་འབྲི་བར་དགའ་ཞིང་སྙན་ངག་དང་བརྩམས་སྒྲུང་ཀློག་པར་ཡང་སྤྲོ་བོ་ཡོད། ཁོ་ལ་ཕུགས་འདུན་ཞིག་ཡོད་པ་ནི་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ནས་ལུས་སེམས་ལྷོད་དུ་ཕབ་སྟེ་རང་གི་མོས་པ་ལྟར་དཔེ་ཀློག་བྱས་ནས་མི་ཚེ་སྐྱེལ་རྒྱུ་དེ་ཡིན། སྔ་གཞུག་ཏུ་སྒེར་ངོས་ནས《ཟླ་འོད་འོག་གི་ང་རང》ཞེས་པའི་ཚགས་པར་འདོན་ཐེངས་གསུམ་ཕུད་ཅིང་། སྒེར་དེབ《ངའི་དྲན་པའི་ན་རོ》ཞེས་པ་ཞིག་ཀྱང་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བཀྲམ་ཟིན། དེ་མིན《སྤང་ལྗོངས》དང《ཕ་ཡུལ》《ཤྭ་སྐྱ》《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ》《ལྗོན་དབང》ཞེས་པའི་དུས་དེབ་སོགས་སུ་རྩོམ་ཡིག་དུ་མ་ཞིག་སྤེལ་ཞིང་།《རྔ་བའི་ཚགས་པར》དང《སྒེའུ་ཁུང་ཆུང་ཆུང》ཞེས་པའི་ཚགས་པར། 《རྩོམ་རིག་སྒྱུ་རྩལ》ཞེས་པའི་ཚགས་པར《གཞིས་ཀ་རྩེའི་ཉིན་རེ》འི་ཚགས་པར།《མཚོ་སྔོན་བོད་ཡིག་གསར་འགྱུར》ཞེས་པ་སོགས་སུའང་སྔ་གཞུག་ཏུ་རྩོམ་ཡིག་བཅུ་ཡས་མས་ཤིག་སྤེལ་བ་ཡིན། ༢༠༢༤ལོའི་ལོ་སྨད་དུ《སྤང་ལྗོངས》ཞེས་པའི་རྔ་ཁུལ་གྱི་དུས་དེབ་ལས་ལོ་མཇུག་ཕྱོགས་སྡོམ་ཁྲོད་རྩོམ་པ་པོའི་གསར་བ་ཞེས་པའི་མཚན་སྙན་ཐོབ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10