2025-04-24
ནང་དོན་གནད་བསྡུས། སྤྱི་ཟླ4པའི་ཚེས23ཉིན་ལ“འཛམ་གླིང་དཔེ་ཀློག་ཉིན་མོ”འམ“འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོ”ཡང་ན“འཛམ་གླིང་གི་དཔེ་དེབ་ཉིན་མོ”ཞེས་འབོད། ཉིན་མོ་འདི་ཆེས་ཐོག་མ་སི་ཕེན་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག། རིག་གནས་རྩ་འཛུགས་བཅས་ལ་གྲོས་གཞི་བཏོན་པ་ལྟར། རྒྱལ་སྤྱི་དཔེ་སྐྲུན་མཐུན་ཚོགས་ཀྱིས1995ལོའི་ཟླ11པའི་ཚེས15ཉིན་དངོས་སུ་ལོ་རེའི་ཟླ4པའི་ཚེས23ཉིན་གཏན་འཁེལ་བྱས་པ་རེད། དེ་ལྟར་གཏན་ཁེལ་གནང་པའི་དམིགས་ཡུལ་ནི་མི་མང་པོས་རྩོམ་ཀློག་པ་དང་རྩོམ་འབྲི་བར་སྐུལ་འདེད་གཏོང་ཆེད་དང་། མི་ཚང་མས་རྩོམ་རིག་དང་། རིག་གནས། ཚན་རིག། བསམ་བློའི་སོགས་མིའི་རིགས་ཀྱི་ཤེས་རིག་ལ་བྱས་རྗེས་ཆེན་པོ་བཞག་ཡོད་མཁན་རྣམས་ལ་བརྩི་འཇོག་དང་བཀའ་དྲིན་དྲན་ཆེད་ཡིན་སྟབས། ལོ་རེའི་ཉིན་དེར། འཛམ་གླིང་གི་རྒྱལ་ཁབ་བརྒྱ་ལྷག་ཙམ་གྱིས་རྟེན་འབྲེལ་དང་དཔེ་དེབ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད། ཡིན་ནའང་ང་ཚོ་བོད་པས་ཉེ་བའི་ལོ་ཤས་རིང་ཉིན་མོ་དེ་གསར་དུ་རྒྱུས་མངའ་བྱུང་བཞིན་པ་ལྟར་ལས། ལོ་རྒྱུས་སུ་གླེང་རིན་ཡོད་པའི་བྱ་འགུལ་ཆེན་པོ་འགྲུབ་ཐུབ་མེད་མོད། འབྱུང་འགྱུར་མིའི་རིགས་ཀྱི་ཤེས་རིག་འགྲན་རྩོད་དང་བསམ་བློའི་རླབས་རྒྱུན་འོག་ང་ཚོ་བོད་མིས་ཀྱང་“འཛམ་གླིང་དཔེ་ཀློག་ཉིན་མོ”གླེང་དང་གླེང་བཞིན་པ་སོགས་ནི་མི་རིགས་ཤིག་ལ་མཚོན་ན་སྤྲོ་འོས་པའི་གནས་སོ།། གཅིག “འཛམ་གླིང་དཔེ་ཀློག་ཉིན་མོ”ཡི་ལོ་རྒྱུས་འཕེལ་རིམ། དེ་ཡང1972ལོར། མཉམ་འབྲེལ་རྒྱལ་ཚོགས་རིག་ཚན་རྩ་འཛུགས་ཀྱིས། འཛམ་གླིང་གི་སྤྱི་ཚོགས་ཡོངས་དཔེ་ཀློག་ཕྱོགས་སུ་སྐྱོད་པར་འབོད་སྐུལ་བཏང་བ་དང་། སྤྱི་ཚོགས་ཀྱི་ཁོངས་མི་ཚང་མས་དཔེ་ཆ་ཀློག་ཅིང་། དཔེ་ཆ་ནི་མི་རྣམས་ཀྱི་ཉིན་རྒྱུན་འཚོ་བའི་ཁྲོད་མེད་མི་རུང་བའི་ཆ་ཤས་ཤིག་ཏུ་འགྱུར་བར་བསྐུལ། 1995ལོར་རྒྱལ་སྤྱིའི་དཔེ་སྐྲུན་མཐུན་ཚོགས་ཀྱིས་སྐབས་ཉེར་ལྔ་པའི་འཛམ་གླིང་ཧྲིལ་པོའི་ཚོགས་ཆེན་ཐོག“འཛམ་གླིང་དཔེ་དེབ་ཉིན་མོ”ཞེས་པའི་དགོངས་འཆར་བཏོན་པར་མ་ཟད། ཐོག་དང་པོར་སི་ཕེན་སྲིད་གཞུང་གིས་ཇུས་གཞི་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོའི་རིག་གནས་རྩ་འཛུགས་ལ་ཕུལ་བ་དང་། ཕྱིས་སུ་ཨུ་རུ་སུས“འཛམ་གླིང་དཔེ་དེབ་ཉིན་མོར”ལ་ད་དུང“དཔེ་དེབ་བདག་དབང”གི་སྐོར་ཁ་སྣོན་བྱེད་དགོས་པར་བརྗོད་པ་རེད། དེས་ན“འཛམ་གླིང་དཔེ་ཀློག་ཉིན་མོ”འཛུགས་པའི་གྲོས་གཞི་ནི་ཐོག་མར་སི་ཕེན་གྱིས་བཏོན་པ་ཡིན། སི་ཕེན་ལ་དེ་ལྟར་བསམ་ཚུལ་འབྱུང་རྐྱེན་ནི། སི་ཕེན་གྱི་ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་གྱི“དཔའ་བོ་ཅའོ་ཀྲིས་དུས་ཆེན”(Dia de Sant Jordi ) གྱི་ངག་རྒྱུན་ལས་བྱུང་བ་སྟེ། ངག་རྒྱུན་དུ་དཔའ་བོ་ཅའོ་ཀྲིས་མཛེས་སྡུག་ལྡན་པའི་ཀོང་ཇོ་གཏུམ་འབྲུག་གི་འཇིགས་པ་ལས་བསྐྱབས་པས། ཀོང་ཇོས་ཕྱིར་དཔའ་བོ་ཅའོ་ཀྲིས་ལ་དཔེ་དེབ་ཅིག་ལེགས་སྐྱེས་ཕུལ། དུས་དེ་ནས་དཔེ་དེབ་ནི་དཔའ་སྤོབས་དང་སྟོབས་ཤུགས་ཀྱི་མཚོན་བྱེད་དུ་གྱུར་པས། ཟླ4པའི་ཚེས23ཉིན་ཏེ། “དཔའ་བོ་ཅའོ་ཀྲིས་དུས་ཆེན”གྱི་སྐབས་སུ། ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་དུ་གཉེན་གྲོགས་ཕན་ཚུན་བར་རྒྱ་སེ་མེ་ཏོག་དང་དཔེ་དེབ་ལེགས་སྐྱེས་སུ་འབུལ་བའི་སྲོལ་དར་ཡོད། 1995ལོར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཟླ4པའི་ཚེས23ཉིན་འཛམ་གླིང་གི་དཔེ་ཀློག་ཉིན་མོ་ཡིན་པ་ཁྱབ་བསྒྲགས་བྱས། ཉིན་དེར་དེ་ལྟར་གཏན་ཁེལ་བྱེད་དོན་གྱི་རྒྱུ་རྐྱེན་གཞན་ཞིག་ནི།1616ལོའི་ཟླ4པའི་ཚེས23ཉིན། སི་ཕེན་གྱི་མིང་གྲགས་ཅན་རྩོམ་པ་པོ་སེ་ཝན་ཐི་སི(Miguel de Cervantes Saavedra)དང་། དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ཤིག་སེ་ཕེར(William Shakespeare)དང་། ཕེ་རུའི་རྩོམ་པ་པོ་དབྱིན་ཁ་ཅ་ཞི་ལ་ཏི་ལཱ་ཝེ་ཅཱ(Inca Garcilaso de la Vega)བཅས་མི་ཡུལ་དང་ཞལ་གྱེས་པའི་རྗེས་དྲན་གྱི་ཉིན་མོའང་ཡིན་པས་རེད། གཉིས། “འཛམ་གླིང་དཔེ་ཀློག་ཉིན་མོ”འཛུགས་པའི་དམིགས་ཡུལ། “འཛམ་གླིང་དཔེ་ཀློག་ཉིན་མོ”འཛུགས་པའི་དམིགས་ཡུལ་ནི་འཛམ་གླིང་གི་ས་ཆ་སོ་སོར་ཁ་ཐོར་དུ་གནས་པའི་མི་ཚང་མ་ལོ་ན་རྒན་གཞོན་དང་དབུལ་ཕྱུག་གང་ཡིན་རུང་། ནད་པ་དང་བདེ་ཐང་ཅན་སུ་ཡིན་རུང་། ཚང་མས་དཔེ་ཀློག་གི་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པ་དང་། མིའི་རིགས་ཀྱི་ཤེས་རིག་ལ་བྱས་རྗེས་ཆེན་པོ་བཞག་མྱོང་བའི་རྩོམ་རིག་དང་། རིག་གནས། ཚན་རིག །བསམ་བློའི་སློབ་དཔོན་རྣམས་ལ་གུས་བཀུར་དང་རྩིས་མཐོང་བཅས་ཀྱིས་ཁོང་རྣམ་པའི་བརྩམས་ཆོས་བདག་དབང་ལ་སྲུང་སྐྱོབ་བྱ་ཆེད་ཡིན། ལོ་ལྟར་གྱི་ཉིན་དེར། འཛམ་གླིང་གི་རྒྱལ་ཁབ་བརྒྱ་ལྷག་གིས་དཔེ་ཀློག་དུས་ཆེན་ལ་རྟེན་འབྲེལ་དང་དཔེ་དེབ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད། ཡིན་ནའང་། སྔོན་ཆད་རྒྱལ་ནང་དང་ལྷག་པར་བོད་ཁུལ་ལ་མཚོན་ན། དཔེ་ཀློག་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། དཔེ་དེབ་དྲིལ་བསྒྲགས་སོགས་ཀྱི་གོམས་སྲོལ་མེད་རུང་། ཉེ་བའི་ལོ་གཉིས་ཀྱི་རིང་ལ་དཔེ་སྐྲུན་ཁང་དང་དཔེ་ཚོང་ཁང་སོ་སོས་སྤྱི་ཕན་གྱི་བྱེད་སྒོ་ཁག་གཅིག་སྤེལ་འགོ་ཚུགས་ཡོད་པ་ནི་འཕེལ་རྒྱས་གོང་འཕེལ་དང་། ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་སྐུལ་སློང་ཞུ་དགོས་པའི་གནས་སོ།། གསུམ། རྒྱལ་སྤྱིའི་ངོས་ནས“འཛམ་གླིང་དཔེ་ཀློག་ཉིན་མོར”གཙིགས་སྣང་མཛད་པ། སྤྱི་དམངས་རྣམས་དཔེ་ཆ་ཀློག་པར་སྤྲོ་བ་དང་དཔེ་དེབ་པར་སྐྲུན་ལ་སྐུལ་འདེད་གཏོང་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོའི་རིག་གནས་རྩ་འཛུགས་ཀྱིས། 2001ལོའི“འཛམ་གླིང་དཔེ་ཀློག་ཉིན་མོའི”སྒྲོམ་གཞིའི་འོག“འཛམ་གླིང་དཔེ་དེབ་ཀྱི་རྒྱལ་སའི་འཆར་གཞི”ཞེས་པ་སྤེལ། སི་ཕེན་རྒྱལ་ས་མ་ཏེ་རི་ནི2001ལོའི་འཛམ་གླིང་དཔེ་དེབ་ཀྱི་རྒྱལ་ས་ཡིན་པ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་ལོ་རེར་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་གྲོང་ཁྱེར་གཅིག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོའི་རིག་གནས་རྩ་འཛུགས་ཀྱིས།“འཛམ་གླིང་དཔེ་དེབ་ཀྱི་རྒྱལ་ས”ཞེས་པའི་ཆོ་ལོ་གནང་པའི་སྲོལ་བཙུགས་ཡོད། དེ་ཡང2001ལོ་ནས་ན་ནིང་བར། འཛམ་གླིང་རྒྱལ་ཁབ་སོ་སོའི་དཔེ་ཀློག་གནས་ཚུལ་ལ་གཞིགས་ནས“འཛམ་གླིང་དཔེ་དེབ་ཀྱི་རྒྱལ་སར”བདམས་པའི་གྲོང་ཁྱེར་རྣམས་ནི་རིམ་པ་བཞིན། 2001ལོར་སི་ཕན་གྱི་མ་ཏེ་རི་དང་།2002ལོར་ཨེ་ཅེབ་ཀྱི་ཡ་ལི་ཧྲན་ཏ། 2003ལོར་རྒྱ་གར་གྱི་དྷེ་ལི་གསར་བ། 2004ལོར་བྷེལ་ཇམ་གྱི་ཨན་ཐེ་ཝེ་ཕུའུ། 2005ལོར་ཁ་ན་ཏའི་མོང་ཐུ་ལེ་ཨར། 2006ལོར་ཨི་ཐ་ལིའི་ཏུའུ་ལིན། 2007ལོར་ཁོ་ལོམ་པུ་ཡའི་པོ་ཀོ་ཐ། 2008ལོར་ཧོ་ལན་གྱི་ཨེམ་སུ་ཐེར་དམ། 2009ལོར་ལེ་པ་ནོན་གྱི་པེ་རུ་ཐེ། 2010ལོར་སི་ལོ་ཝེ་ཉི་ཡའི་ལི་པོ་ཡ་ན། 2011ལོར་ཨ་ཀེན་ཐིན་གྱི་པུ་དབྱི་ནོ་སི་ཨེ་རི་སི། 2012ལོར་ཨར་མེ་ཉི་ཡའི་ཡེ་རེ་ཝན། 2013ལོར་ཐེ་ལན་དིའི་བྷང་ཁོག 2014ལོར་ནི་ཇེ་རི་ཡའི་ཧ་ཁོ་ཐི་ཀང་། 2015ལོར་ལྷོ་ཁོ་རེ་ཡའི་རེན་ཁྲོན། 2016ལོར་ཕོ་ལན་གྱི་ཧྥུ་ལོ་ཚི་ཝ་ཧྥུ། 2017ལོར་གྷི་ནེ་ཡའི་ཁོ་ན་ཁི་རེ། 2018ལོར་གྷི་རི་སིའི་ཨ་ཐེན་ན། 2019ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཧྲ་སྐྱ། 2020ལོར་མ་ལེ་ཞི་ཡའི་ཁལ་ལུང་ཕུ། 2021ལོར་འཇོར་ཇི་ཡའི་ཐ་པིལ་སི། 2022ལོར་མོ་སི་ཁོའི་ཀྭ་ཏ་ལ་ཧ་ལ་བཅས་ཡིན། བཞི། ཕྱི་རྒྱལ་བས“འཛམ་གླིང་དཔེ་ཀློག་ཉིན་མོ”འགངས་ཆེན་དུ་ལྟ་བ། དཔྱད་གཞི་ཡིག་ཆ་ལྟར་ན། “འཛམ་གླིང་དཔེ་ཀློག་ཉིན་མོ”ཁྱབ་བསྒྲགས་བྱས་པ་ནས་བཟུང་རྒྱལ་ཁབ་དང་ས་ཁུལ100ལས་བརྒལ་བ་བྱ་འགུལ་འདིར་ཞུགས་པ་དང་། རྒྱལ་ཁབ་མང་པོ་ཞིག་གིས་ཉིན་གཅིག་གམ་ཡང་ན་སྔ་གཞུག་གི་གཟའ་འཁོར་གཅིག་དང་། ཟླ་གཅིག་གི་དུས་ཚོད་ནང་དུ་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་རྒྱུ་དང་། དཔེ་མཛོད་ཁང་དང་། འཕྲིན་སྦྱོར། པར་སྐྲུན་ཚོང་པ། སློབ་གྲྭ། ཚོང་ཁང་སོགས་ཀྱིས་དུས་ཚོད་འདིའི་ནང་དུ། དཔེ་ཀློག་དང་འབྲེལ་ཡོད་ཀྱི་བྱེད་སྒོ་ཆེ་ཆུང་སྣ་ཚོགས་སྤེལ་བཞིན་ཡོད་པས། དེ་དག་ཁྲོད་ཀྱི་ཚབ་མཚོན་རྒྱལ་ཁབ་སྐོར་ཞིག་གིས“འཛམ་གླིང་དཔེ་ཀློག་ཉིན་མོར”བྱེད་སྒོ་ཆེ་ཆུང་སྤེལ་ཚུལ་དང་། འདུ་ཤེས་འཛིན་སྟངས་ཀྱི་སྐོར་ནས་མདོ་ཙམ་གླེང་ན། ༡ དབྱིན་ཇི། དབྱིན་ཇིས“འཛམ་གླིང་དཔེ་ཀློག་ཉིན་མོར”རྟེན་འབྲེལ་ཞུ་བའི་བྱེད་སྒོ་དེ་ཟླ3པའི་ཚེས6ཉིན་སྤེལ་བ་དང་། བསྡོམས་རྩིས་བྱས་པ་ལྟར་ན། ལོ་རེར་སློབ་གྲྭ་དང་། དཔེ་མཛོད་ཁང་། དཔེ་ཁང་བཅས་ཀྱིས་གཉེར་བའི་རྟེན་འབྲེལ་བྱེད་སྒོ་ཁག་སྟོང་ལས་བརྒལ་ཡོད། དེའི་ནང་དུ་གཏམ་རྒྱུད་མི་སྣ་ལད་ཟློས་ཀྱི་འགྲན་བསྡུར་ཆེན་པོ་དང་། གཏམ་རྒྱུད་བགྲོ་གླེང་། རིགས་སོ་སོའི་དཔེ་ཆའི་འགྲེམ་སྟོན་སོགས་ཚུད་ཡོད། 2004ལོའི་དཔེ་ཀློག་ཉིན་མོར་གཞུང་ཕྱོགས་དྲྭ་ཚིགས་ཀྱིས་དྲྭ་ཐོག་རྩོམ་པ་པོའི་འཆད་ཁྲིད་སྤེལ་རེས་ཚོགས་འདུ་འཚོགས། དེ་བཞིན་ལྟ་ཀློག་དང་འབྲེལ་བ་ཡོད་པའི་ལེ་ཚན། སློབ་གསོའི་ལས་ཁུངས་དང་དཔེ་ཁང་ཁ་ཤས་ཀྱིས་ད་དུང་གྲོགས་པོ་ཆུང་ཆུང་ཚོ་ལ་ངོས་ཐང་དབྱིན་སྒོར་གཅིག་ཡོད་པའི་དཔེ་ཆའི་ཉིན་རེར་ཚབ་སྤྱོད་འཛིན་ཤོག(World Book Day Book Token)སྟེར་བ་དང་། དཔེ་ཀློག་ཉིན་ཁོ་ཚོར་དཔེ་ཆ་གསར་པ་ཞིག་ལ་བརྗེ་ཉོ་བྱེད་དུ་འཇུག་པ་རེད། མ་ཚད་གཙོ་གཉེར་ཚན་པས་འཛམ་གླིང་གི་དཔེ་དེབ་ཉིན་རེ་ལ་དཔེ་ཆ་གསར་པ་དྲུག་པར་དུ་བསྐྲུན་རྒྱུ་སོགས་ཀྱི་ལས་གཞི་གཉེར་བཞིན་ཡོད། ༢ སི་ཕེན། སི་ཕེན་གྱི་ཅ་ཐའེ་ལུའོ་ཉི་ཡ་ས་ཁུལ་དེ་འཛམ་གླིང་དཔེ་ཀློག་ཉིན་མོའི་འབྱུང་ཁུངས་ཡིན་པའི་ཆ་ནས། རྒྱུན་སྲོལ་ལྟར། དཔེ་ཀློག་ཉིན་མོར་མི་མང་པོས་རྒྱ་སེ་མེ་ཏོག་དང་དཔེ་ཆ་ཁྱེར་ནས་སྲང་ལམ་དུ་འགྲོ་བཞིན་ཡོད་ལ། ལོ་རེའི་ཟླ4པའི་ཚེས23ཉིན། ས་གནས་དེ་གའི་དཔེ་ཆའི་རིན་གོང་བརྒྱ་ཆའི་བཅུ་ཆག་པ་དང་། རྒྱ་སེའི་མེ་ཏོག་གི་རིན་གོང་གློ་བུར་དུ་འཕར་ཡོང་པ་རེད། ངོས་དེ་ནས་ཁོ་ཚོས་དཔེ་དེབ་ལ་མཐོང་ཆེན་མཛད་ཚུལ་རྟོགས་ཐུབ་ལ། དཔེ་ཀློག་དུས་ཆེན་བསུ་སྟངས་དམིགས་བསལ་བ་ཞིག་ཀྱང་མཐོང་ཐུབ་བོ།། ༣ འཇར་པན། འཇར་ཕན་ཏུང་ཅིན་གྱི་བྱིས་པ་ཚོར“འཛམ་གླིང་དཔེ་ཀློག་ཉིན་མོར”གཟིགས་སྐྱོང་ཆེན་པོ་ཐོབ་སྟེ། ཏུང་ཅིན་སྲིད་གཞུང་གིས་བཀའ་ཁྲིམས་ལས། ཟླ4ཚེས23ཉིན་ན་ཆུང་ཚོས་དཔེ་ཀློག་བྱེད་པའི་་ཉིན་མོར་གཏན་འཁེལ་བྱས་པར་མ་ཟད། བྱིས་པའི་སྐད་ཆ་དང་། དྲན་པ། ཚོར་བ་སྐྱེན་པོ་བཅས་ཕྱོགས་སོ་སོའི་ནུས་པ་གསོ་སྐྱོང་བྱས་ཏེ། སྔར་བས་གཏིང་ཟབ་པའི་དམིགས་འབེན་ལ་སྙེག་པར་བྱེད། 2005ལོར། འཇར་པན་གྱི་གསར་འགྱུར་ཁང་གིས་རྒྱལ་ཡོངས་ཀྱི་དཔེ་ཆ་ཀློག་པའི་གནས་ཚུལ་ལ་བརྟག་དཔྱད་ཐེངས་གཅིག་བྱས་པའི་མཇུག་འབྲས་ནི། ཆ་སྙོམས་ཉིན་རེར་དཔེ་ཀློག་ཆུ་ཚོད་གཅིག་བྱེད་མཁན་གྱིས་མི་འབོར་བརྒྱ་ཆའི་བཅུ་བཞི་ཟིན་པ་དང་། དཔེ་ཀློག་ཆུ་ཚོད་ཕྱེད་ཀ་ཟིན་མཁན་གྱིས་མི་འབོར་བརྒྱ་ཆའི་བཅུ་དགུ་ཟིན་ཡོད། དེ་བཞིན་དཔེ་ཀློག་ཆུ་ཚོད་སྐར་མ་ཉི་ཤུ་བྱེད་མཁན་གྱིས་མི་འབོར་བརྒྱ་ཆའི་བཅུ་ཟིན། དཔེ་ཀློག་ཆུ་ཚོད་སྐར་མ་བཅུ་བྱེད་མཁན་གྱིས་མི་འབོར་བརྒྱ་ཆའི་དགུ་ཟིན། དཔེ་ཀློག་མི་བྱེད་མཁན་གྱིས་མི་འབོར་བརྒྱ་ཆའི་ཉེར་བདུན་ཟིན་ཡོད་པ་རེད་ལ། དེ་ནི་ཉིན་རེ་མ་གཏོགས་ཟླ་རེ་ལ་ཆ་སྙོམས་ཆུ་ཚོད་གཅིག་ཙམ་ཡང་དཔེ་ཀློག་མི་བྱེད་པའི་མི་རིགས་སམ་ཡུལ་ལུང་ཞིག་ལ་མཚོན་ན། ཧ་ལས་དགོས་པའམ། ཡང་ན་དད་པ་འཇོག་དགོས་པའི་གནས་གཞན་ཞིག་ཡིན་ནོ།། ༤ ལྷོ་ཁོ་རི་ཡ། ལྷོ་ཁོ་རི་ཡ་སྲིད་གཞུང་གིས་སྤྱིར་བཏང་ཟླ4པའི་ཚེས23ཉིན་འཛམ་གླིང་དཔེ་ཀློག་ཉིན་མོའི་དྲན་གསོའི་སྦྲག་རྟགས་འགྲེམ་སྤེལ་བྱས་ཏེ། ས་གནས་དེ་གའི་བྱིས་པར་ཀློག་འདོན་དང་རྩོམ་འབྲིའི་སྲོལ་བཟང་རྒྱུན་འཛིན་བྱས་ཏེ། འཕྲིན་ཡིག་དང་མཉམ་དུ་འཛམ་གླིང་གི་གྲུ་ཟུར་རེ་རེར་ཁྱབ་པར་བྱེད། 2004ལོའི“འཛམ་གླིང་དཔེ་ཀློག་ཉིན་མོར”གཏམ་རྒྱུད་ངོ་མཚར་ཅན་ཞིག་དཔར་སྐྲུན་བྱས་ནས་བྱིས་པ་ཚོར་ཅི་ཞིག་ལ་དཔར་དབང་ཡིན་པར་འགྲེལ་བཤད་བྱེད་བཅུག། དེར་བརྟེན་གཞོན་དུས་ནས་པར་དབང་ལ་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་བཅངས་ཡོད། དེ་ལས་གཞན། དབང་འཛིན་ལས་ཁུངས་ཀྱིས་ཀྱང“འཛམ་གླིང་དཔེ་ཀློག་ཉིན་མོའི”སྦྲག་རྟགས་འགྲེམས་སྤེལ་བྱས་ནས་དཔེ་ཀློག་དང་པར་དབང་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱེད་པར་སྐུལ་འདེད་གཏོང་ངོ་།། དཔེ་སྐྲུན་ཁང་གིས་ཟླ4པའི་ཚེས23ཉིན་དཔེ་དེབ་སུམ་ཁྲི་ལྔ་སྟོང་ས་གནས་དེ་གའི་སློབ་གྲྭར་རིན་མེད་དགེ་སྒྲུབ་ཏུ་རིན་གོང་གང་མཐོར་འཚོང་བར་སྤྲོད་པ་དང་། ས་གནས་དེ་གའི་སྒྱུ་རྩལ་པའི་བརྩམས་ཆོས་བཅོ་ལྔའི་ཡོང་སྒོས། གཞོན་ནུ་ལོ་ཆུང་རྣམས་ལ་ལྟ་ཀློག་བྱ་རྒྱུར་སྐུལ་འདེད་གཏོང་པ་རེད། གཞན་དུས་དེར་དཔེ་ཆ་གསར་པ་དང་དཔེ་ཆ་རྙིང་པའི་ཞལ་འདེབས་འབུལ་བའི་བྱེད་སྒོའང་མང་པོ་ཡོད་དོ།། ༥ མོ་སི་ཁོ། མོ་སི་ཁོར་མཚོན་ན། “འཛམ་གླིང་དཔེ་ཀློག་ཉིན་མོ”དང་འབྲེལ་བ་ཆེས་དམ་པོ་ཡོད་པ་ནི་ལོ་ངོ་ཉི་ཤུའི་སྔོན་ལ་བཙུགས་པའི་ཀྭ་ཏ་ལའི་རྒྱལ་སྤྱིའི་དཔེ་དེབ་དངོས་མང་བཤམས་སྟོན་འདུ་ཚོགས་ཡིན། དེ་ནི་སི་ཕེན་རྒྱལ་ཁབ་ཀྱི་ཕ་སྐད་རྒྱལ་ཁབ་ནང་གི་ཆེས་ཆེ་བའི་དཔེ་དེབ་ཚོང་ར་ཡིན། ལོ་ལྟར་ཚོང་དོན་དང་རྩོམ་རིག་དཔེ་སྐྲུན་མཁན། ཡིག་སྒྱུར་མཁན། དཔེ་མཛོད་དོ་དམ་པ་སོགས་གཅིག་ཏུ་བསྡུས་ནས་ཚོང་ལས་དང་ཆེད་ལས་རང་བཞིན་གྱི་བགྲོ་གླེང་ཚོགས་ཆེན་འདུ་བ་རེད། དེར་མི་ཁྲི་སུམ་ཅུ་སོ་ལྔ་ལས་བརྒལ་བ་དང་། བྱིས་པ་ཁྲི་བཅུ་ལྷག་གིས་དཔེ་དེབ་འགྲེམས་སྟོན་ཉིན་དགུ་ལ་སྤེལ་ཅིང་། དེ་ནི་ས་གནས་དེའི་རིག་གནས་དུས་ཆེན་ཆེ་ཤོས་སུ་གྱུར་ཡོད། ༦ ཅ་མེ་ཁ། ཅ་མེ་ཁ་ལ་མཚོན་ན། དཔེ་ཀློག་ཉིན་མོའི་བྱེད་སྒོ་དེ་བྱིས་པ་དང་དར་མའི་རིགས་གཉིས་སུ་བགོས་ཡོད། གཞུང་ཕྱོགས་ནས་བྱིས་པའི་དཔེ་ཀློག་མཛད་སྒོར་ཞུགས་པའི་བྱིས་པ་རྣམས་ལ། ཅ་མེ་ཁའི་རྩོམ་པ་པོས་བཞག་པའི་སྣང་བརྙན་འབྲི་བཞེངས་བྱེད་དུ་འཇུག་པ་དང་། ཡུལ་དངོས་སོ་སོར་བརྙན་ཤེལ་ཆེན་པོ་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོའི་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་བཟོས་པའི་དཔེ་ཆའི་བདག་དབང་རྐུ་བར་ངོ་རྒོལ་བྱེད་པའི་བརྙན་རིས་འགྲེམ་སྟོན་རབ་དང་རིམ་པ་བྱེད། དར་མའི་དཔེ་ཀློག་བྱ་འགུལ་སྐབས་སུ། མིང་དུ་གྲགས་པའི་ཚན་རིག་པ་པུ་ལུ་ཏི་སོགས་གདན་དྲངས་ནས་བཞུགས་མོལ་ཚོགས་འདུ་བསྡུ་ཞིང་། དཔེ་ཆ་སྣ་ཚོགས་ཀྱི་ནང་དོན་དང་འབྲེལ་བའི་གཏམ་བཤད་དང་། མྱོང་ཚོར་བརྗེ་རེས་བྱེད་པའི་གོ་སྐབས་སྐྲུན་ནོ།། ༧ ཨི་ཟི་རེལ། ཨི་ཟི་རེལ་པ་རྣམས་དཔེ་ཆ་ཀློག་པར་དགའ་ལ། དཔེ་ཆ་ཉོ་རྒྱུར་དགའ། ཨི་ཟི་རེལ་གྱི་སྲང་ལམ་ཆེ་ཆུང་དང་། རླངས་འཁོར་འབབ་ཚུགས་དང་ཐང་ཆེན་གང་ཡིན་རུང་། བློ་རྩེ་གཅིག་སྒྲིམ་གྱིས་དཔེ་ཆ་ཀློག་མཁན་གྱིས་ཁྱབ་ཡོད་ལ། གང་སར་དཔེ་ཆའི་གསེང་དུ་བློ་རྩེ་སིམ་པའི་དཔེ་ཀློག་པ་མཐོང་ཐུབ། ཁྱིམ་ཚང་ཞིག་ལ་མཚོན་ན། ཁང་པའི་ནང་དཔེ་ཁང་ཞིག་དགོས་ངེས་རང་བཞིན་གྱི་གོམས་སྲོལ་དུ་ཆགས་ཡོད། ངལ་གསོའི་ཉིན། རྗེའུ་མི་རིགས་ཀྱིས་ཕྱེས་པའི་ཚོང་ཁང་དང་། ཟ་ཁང་། རོལ་རྩེད་ཁང་། འགྲིམ་འགྲུལ་ཡོངས་རྫོགས་མཚམས་འཇོག་པ་དང་། གྲོགས་པོར་འཚམས་འདྲི་དང་ཕྱི་རོལ་ཡུལ་སྐོར་དུ་འགྲོ་བ་རྣམས་གཏན་འགོག་བྱེད་དགོས་མོད། དཔེ་ཆ་ཀློག་རྒྱུ་དང་དཔེ་ཆ་ཉོ་རྒྱུ་ལ་བཀག་འགོག་གཏན་ནས་མེད་པས། ཉིན་དེར་དཔེ་ཀློག་པ་ཧ་ཅང་མང་ངོ།། གལ་ཏེ་ཁྱོད་ཀྱིས་ཉིན་དེར་ཨི་ཟི་རེལ་གྱི་རབ་གསལ་གང་ཞིག་ནས་ཕྱིར་བལྟས་ན། རྒྱ་མཚོའི་གྲམ་ཁའི་སྟེང་དུ་སྤྲོ་འཆམ་པ་མེད་པས་སྟོང་པ་དང་། སྲང་ལམ་དུ་འདུར་རྒྱུར་བྱེད་པའི་མི་ཡང་མཐོང་དཀོན་མོད། ཏག་ཏག་དེར་དཔེ་ཁང་གི་ལས་གཉེར་བ་རྣམས་ལས་བྲེལ་ངང་དུ་དཔེ་ཀློག་པ་བརྒྱ་སྟོང་མང་པོར་སྣེ་ལེན་བྱེད་ཀྱི་ཡོད་ལ། དཔེ་ཀློག་པ་ཚོས་འཇམ་ཐིང་ཐིང་ངང་ནས་དཔེ་ཚོང་དང་དཔེ་ཀློག་ཁང་ཚང་མ་བཀང་ཡོད། བལྟས་ཡོང་ན་ཨི་ཟི་རེལ་པ་ཚོའི་དཔེ་ཆ་ལ་དགའ་ཞེན་དེ་ཆོས་ལུགས་ལ་དགའ་ཞེན་ལས་རྒྱལ་བ་དང་། ཨི་ཟི་རེལ་གྱིས་རིག་གནས་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས་པས། དཔེ་ཁང་སོ་སོར་ལྟ་ཚུལ་སྣ་ཚོགས་ཀྱི་དཔེ་དེབ་བཞག་ཡོད། དེ་ཡང་གཏིང་ཟབ་པ་ནས་གོ་བདེ་བའི་བར་གྱི་དཔེ་དེབ་སོ་སོར་ཀློག་མཁན་འབོར་ཆེན་ཡོད། ཁྲོམ་ལམ་ཚགས་པར་ཁང་དུ། དེ་ཉིན་པར་སྐྲུན་བྱས་པའི་དབྱིན་ཇིའི<<ཐའེ་ཝུའུ་ཧྲི་ཚགས་པར>>(The Times)དང་། ཨ་མི་རི་ཀའི<<ཉིའུ་ཡོག་ཚགས་པར>>(The New York Times) ཧྥ་རན་སིའི<<འཛམ་གླིང་ཚགས་པར>>(Le Monde)སོགས་ནུབ་ཕྱོགས་ཀྱི་ཚགས་པར་ཆེ་གྲས་ཀྱང་ཉོ་ཐུབ། ཁོ་ཚོའི་རང་རྒྱལ་དུ་ཚགས་པར་ཁང་ཉེར་དགུ་ཡོད་པ་དང་། ཡིག་རིགས་བཅོ་ལྔའི་ཐོག་ནས་ཚགས་པར་སོ་སོ་པར་སྐྲུན་བྱེད་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་རིག་ཚན་རྩ་འཛུགས་ཀྱིས1988ལོར་བརྟག་དཔྱད་བྱས་པ་ལྟར་ན། ཨི་ཟི་རེལ་གྱི་མི་རེར་དཔེ་མཛོད་ཁང་དང་དཔེ་སྐྲུན་ཁང་གི་གྲངས་འབོར་འཛམ་གླིང་ཡོངས་ཀྱི་ཨང་དང་པོར་ཟིན་པས། གྲོང་ཁྱེར་དང་། གྲོང་ཚོ། གྲོང་རྡལ་ཚང་མར་དཔེ་མཛོད་ཁང་དང་དཔེ་ཀློག་ཁང་གིས་ཁྱབ་ཡོད། ཧ་ལས་དགོས་པའི་དོན་དག་ཞིག་ནི། མི་གྲངས་ཁྲི་ལྔ་བརྒྱ་ཙམ་ཡོད་པའི་རྒྱལ་ཁབ་འདི་ལ་དུས་དེབ་བརྒྱད་བརྒྱ་དགུ་བཅུ་དང་། ཚགས་པར་རེར་ཉིན་རེར་དཔར་གཞི་ཞེ་བརྒྱད་ཡོད། ཨི་ཟི་རེལ་གྱི་དཔེ་ཆའི་རིན་གོང་ཧ་ཅང་མཐོ་སྟེ། ཚགས་པར་རེ་ལ་ཨ་སྒོར་དྲུག་དང་། ཟླ་རེའི་ཚགས་པར་མངག་ཉོ་བྱས་ན་ཨ་སྒོར་བརྒྱ་དང་བརྒྱད་ཅུ་སྟེར་དགོས། ཡིན་ནའང་ཨི་ཟི་རེལ་པ་ཚོས་ལོ་རེར་ཉུང་མཐའ་ཡང་ཚགས་པར་མི་ཉུང་པ་རེ་མངག་ཉོ་བྱེད་ངེས། <<ཡེ་ལོར་ས་ལེམ་ཚགས་པར>>ནི་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཡོད་པའི་ཨི་ཟི་རེལ་གྱི་ཚགས་པར་ཆེན་པོ་ཞིག་ཡིན། ཉིན་རེའི་འགྲེམས་སྤེལ་གྱི་གྲངས་ཁྲི་བརྒྱ་ཡིན་ལ། དེ་ནི་ཆ་སྙོམས་ཨི་ཟི་རེལ་མི་ལྔ་ལ་ཚགས་པར་གྲངས་རེ་ཐོབ་ཀྱི་ཡོད། གཞན་ལོ་བཅུ་བཞི་ཡན་གྱི་ཨི་ཟི་རེལ་པ་ཚོས་ཟླ་རེར་དཔེ་ཆ་རེ་ལ་ལྟ་ཀློག་བྱེད་ཅིང་། རྒྱལ་ཡོངས་ཀྱི་ཆ་སྙོམས་མི་སྟོང་བཞིའི་རེའི་ནང་དུ་སྤྱི་པའི་དཔེ་མཛོད་ཁང་རེ་ཡོད། རྒྱལ་ཡོངས་ཀྱི་མི་གྲངས་ཁྲི་ལྔ་བརྒྱའི་ནང་དཔེ་ཆ་གཡར་བའི་དཔང་ཡིག་འཛིན་མཁན་མི་ཁྲི་བརྒྱ་ལྷག་ཡོད། ཏག་ཏག་དེ་འདྲ་ཡིན་པའི་རྐྱེན་གྱིས། གཞི་ནས་ཨི་ཟི་རེལ་ལ་ཨ་ཀེ་ནིང(Shmuel Yosef Agnon,1888/7/17~1970/2/17)སོགས་འཛམ་གླིང་ན་གྲགས་པའི་རྩོམ་པ་པོ་དང་། ཚན་རིག་པ། བསམ་བློ་བ། ཆབ་སྲིད་པ། སྒྱུ་རྩལ་པ་བཅས་བྱུང་ཡོད་པ་རེད། དེས་ན་དཔེ་ཆ་ལ་དགའ་བའི་མི་རིགས་ནི་རེ་བ་ཆེན་པོ་ཡོད་པའི་མི་རིགས་ཡིན་ནོ་ཞེས་འཛམ་གླིང་གི་མཁས་དབང་ཚོས་མགྲིན་གཅིག་ཏུ་བསྔགས་ལ། ང་ཚོས་སློབ་སྦྱོང་བྱ་དགོས་པའི་གནས་སུ་མཐོང་ཡོད། ལྔ། རྒྱལ་ནང་ནས“འཛམ་གླིང་དཔེ་ཀློག་ཉིན་མོ”ལ་མཐོང་ཆེན་བྱེད་ཚུལ། 2009ལོའི་ཟླ4པའི་ཚེས23ཉིན་ཏེ། “འཛམ་གླིང་དཔེ་ཀློག་ཉིན་མོ”སྐབས་བཅུ་བཞི་པར“ཀློག་འདོན་ཁྲོད་ང་ཚོ་མཉམ་དུ་འཚར་ལོངས་བྱ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས། “རྒྱལ་ཡོངས་ན་ཆུང་དཔེ་ཀློག་ལོ”ཞེས་པའི་བྱེད་སྒོ་དེ་ཐེན་ཅིན་ན་ཆུང་དཔེ་མཛོད་ཁང་དུ་སྤེལ་འགོ་ཚུགས། དེ་ལ་ཀྲུང་གོའི་དཔེ་མཛོད་ཁང་གི་རིག་གཞུང་ལྷན་ཚོགས་དང་། ན་ཆུང་དཔེ་མཛོད་ཁང་གི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས། རྒྱལ་ཡོངས་ཀྱི་དཔེ་མཛོད་ཁང་སྣ་ཚོགས་དང་། ལྷག་པར་སྤྱི་པའི་དཔེ་མཛོད་ཁང་། ན་ཆུང་དཔེ་མཛོད་ཁང་། སློབ་གྲྭ་ཆུང་འབྲིང་གི་དཔེ་མཛོད་ཁང་རྣམས་དང་མཉམ་དུ“རྒྱལ་ཡོངས་ན་ཆུང་དཔེ་ཀློག་ལོ”ཞེས་པའི་བྱེད་སྒོར་ཞུགས་ནས། ན་ཆུང་གཞོན་པའི་དཔེ་ཀློག་ཁྱབ་གདལ་དུ་གཏོང་བའི་ལས་ཀར་སྐུལ་འདེད་ཤུགས་ཆེན་བཏང་པ་དང་། རང་རྒྱལ་གྱི་ན་ཆུང་དཔེ་ཀློག་དུས་ཆེན་འཛུགས་པར་བརྩོན་ལེན་བྱས། བྱེད་སྒོ་དེ་དུས་དེ་ནས2010ལོའི་ཟླ4པའི་བར་དུས་རིམ་དྲུག་ལ་སྤེལ་ཡོད་པ་རེད། དེ་ནས2021ལོའི་ཟླ4པའི་ཚེས13ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་ཆེད། ཟླ4པའི་ཚེས23ཉིན“འཛམ་གླིང་དཔེ་ཀློག་ཉིན་མོ་སྐབས་ཉེར་དྲུག་པར་རྒྱལ་ཁབ་དཔེ་མཛོད་ཁང་གིས་མཉམ་འདྲེས་དང་། རྒྱུན་འཛིན། གསར་གཏོད་བཅས་བརྗོད་དོན་བཟུང་བའི་མུ་འབྲེལ་བྱེད་སྒོ་དངོས་སུ་མགོ་བརྩམས་པ་རེད། དེ་མཚུངས་སུ་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་དཔེ་ཀློག་བྱེད་སྒོ་ཆེ་ཆུང་སྣ་ཚོགས་སྤེལ་བ་དང་། མི་རིགས་སོ་སོའི་ས་གནས་སུ་སྐུལ་སློང་དང་སྣེ་འདྲེན་བྱེད་པའི་ཇུས་བཟང་གོང་ནས་བཏོན་ནའང་། གོང་ཞུས་ཀྱི་རྒྱལ་ཁབ་དང་མི་རིགས་གཞན་པར་མཚོན་ན་ད་དུང་འབད་པ་བརྒྱ་འགྱུར་གྱིས་བརྩོན་པ་ཤུགས་དྲག་བསྟེན་དགོས་པ་རྟོགས་ཡོད། མཇུག་མཐར་དཔེ་ཀློག་ནི་མི་རིགས་ཡར་རྒྱས་ཀྱི་ཐེམ་སྐས་ཡིན་ཞེས་པ་ལྟར། ང་ཚོས་དཔེ་ཀློག་ལ་མཐོང་ཆེན་དང་གཞོན་པ་ཚོར་མིག་ལྟོས་ཡག་པོའི་ཆེད་དུ། “འཛམ་གླིང་དཔེ་ཀློག་ཉིན་མོ”ལ་གདན་ཐོབ་དམིགས་བསལ་བ་ཞིག་སྤྲོད་དགོས་ཡོད་དེ། སི་ཕེན་རྒྱལ་ཁབ་ཀྱི་གོམས་སྲོལ་དུ་གྱུར་པའི་དཔེ་དེབ་ལེགས་སྐྱེས་འབུལ་བ་དང་། ཨི་ཟི་རེལ་རྒྱལ་ཁབ་ཀྱིས་ནམ་རྒྱུན་དཔེ་ཀློག་ལ་གཙིགས་ཆེན་གནང་པ་རྣམས་མིག་དཔེ་གསོན་པོ་ཡིན་ལ། ང་ཚོ་རང་མི་རིགས་ཀྱི་སྲོལ་རྒྱུན་དུའང་དཔེ་དེབ་ལ་གོང་བཀུར་དང་མཐོང་ཆེན་འཛིན་པའི་བསམ་བློ་ཡག་པོ་ཡོད་པ་རྣམས་གཞིར་བཞག་སྟེང་།“འཛམ་གླིང་དཔེ་ཀློག་ཉིན་མོ”ལ་སྔར་ལས་ལྷག་པའི་དོ་སྣང་དང་གཙིགས་ཆེན་མཛད་དགོས་པ་རིགས་མཐུན་ཡོངས་ལ་རེ་བསྐུལ་ཞུ་བའོ།།རྩོམ་པ་པོ། བཞག་སྲས།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10