༼ སྣག་ཚ་ནག་པོ། ༽ 2025-04-18
དྭངས་གསལ་མེ་ལོང་གི་ངོས་སུ།།
ཡིད་དབང་ངོ་མཚར་གྱི་ལྷ་མོ།།
ལྡེམ་ལྡེམ་ཕྱག་སོར་གྱི་ཡོ་ལང་།།
གཞོན་པའི་ནང་སེམས་ཀྱི་ཆོམ་རྐུན།།
སྙན་འཇེབས་གླུ་ངག་གི་མཆོད་པ།།
ཨ་སྔོན་ཆུ་འཛིན་ལ་སྤྲིངས་པས།།
དྲི་མེད་སྤྲིན་དཀར་གྱི་ལང་ཚོ།།
བུ་མོའི་སྐྱེས་གཟུགས་ལ་འཁོར་ཡོད།།
རྨད་བྱུང་ལང་ཚོ་ཡི་འདབ་མ།།
སྨིན་ལེགས་ལྗོན་བཟང་རྩེར་བཞད་པས།།
ནམ་ཟླ་སྟོང་དུས་ཀྱི་རླུང་བུས།།
འཐོག་པའི་སྐལ་དབང་རང་མི་འདུག །
ང་ཡི་སྙིང་ཆུང་གི་གཤོག་པ།།
བུ་མོའི་སྙིམ་པ་རུ་ལྷུང་བས།།
བརྩེ་འདང་འོ་ཆུ་ཡི་རི་མོ།།
ལག་པའི་མཛུབ་རིས་དང་འདྲེས་སོང་།།
ཡིད་འཕྲོག་པདྨ་ཡི་གེ་སར།།
གཡུ་སྦྲང་བུང་བ་ཡི་འཁོར་ས།།
མི་ཤི་གསོན་ཐབས་ཤིག་མེད་རུང་།།
ཤི་ཡང་མཉམ་ཤི་ཡི་ལས་དབང་།།
ཆུང་འདྲིས་ན་ཆུང་གི་བུ་མོ།།
དཀར་ནག་ངོས་གཉིས་ཀྱི་ཉི་ཟླ།།
ཕྱི་མའི་དམྱལ་བ་ལ་འགྲིམས་རུང་།།
མི་འགྱུར་སྙིང་ཆུང་གི་ལོ་མ།།
རྩོམ་གསར། 10