བོད་ལོ་སར་དབྱངས་གསལ་སོ་བཞིས་མཆོད།

མགོ་ལོག་འཕྲིན་རྡོར།        2025-02-28

            བརྗིད་ཆགས་རྨ་རྒྱལ་སྤོམ་ར་ལ་སོགས་པའི།།

གངས་ཀྱི་མུ་འཁྱུད་སྐོར་བའི་ཞིང་ཁམས་འདིར།།

ནད་མུག་འཁྲུག་རྩོད་ཞི་ཞིང་ལེགས་ཚོགས་འཕེལ།།

སྐྱེ་འགྲོའི་བཞེད་དོན་འགྲུབ་པའི་བཀྲ་ཤིས་ཤོག།།

ཡན་ལག་བརྒྱད་ལྡན་ཆུ་བཞིས་བཅིངས་པ་ཡི།།

སྒང་བ་བོད་ཀྱི་རིག་གཞུང་རྒྱ་ཚོའི་གཏེར།།

ཡར་ངོས་ཟླ་བ་གཞོན་ནུའི་ངང་ཚུལ་གྱིས།།

མི་འགྲིབ་རྟག་བརྟན་ཡོང་བའི་ཤིས་པ་བརྗོད།།

ལྷག་བསམ་དགོས་འདོད་ནོར་བུའི་ཅོད་པན་ཅན།།

ལེགས་ཉེས་བླང་དོར་སྟོན་པའི་ས་མཁན་དེ།།

མཚན་ལྡན་བཤེས་གཉེན་དམ་པའི་གསུང་གི་རྒྱུན།།

ངེད་ཅག་ངོམ་མེད་སྤྱོད་པའི་མཐུན་རྐྱེན་སྩོལ།།

ཡབ་མེས་རུས་པ་ཅན་ཚོའི་བཀའ་དྲིན་ལ།།

ང་ཚོའི་རང་སྐལ་ཞིང་ཕྱུགས་ཐོན་ལས་དེ།།

མི་སྐྱུར་མི་དོར་མུ་རུ་སྤེལ་བའི་ངང་།།

རང་ས་རང་གིས་སྲུང་བའི་བཀྲ་ཤིས་ཤོག།

མདོར་ན་གནམ་ལོ་གཡང་གི་གསར་ཚེས་འདིར།།

གཞིས་བྱེས་གཉིས་སུ་གནས་པའི་སྤུན་ཟླ་ཚོའི།།

གང་བྱས་དོན་རྣམས་འབད་མེད་ལྷུན་གྲུབ་ངང་།།

སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག།


  • ལེ་ཚན་སྔོན་མ།:རྟགས་བརྒྱད་སྨོན་ཚིག་ཆུན་པོ།
  • ལེ་ཚན་རྗེས་མ།:བཀྲ་ཤིས་ལོ་སར་འཛུམ་གྱིས་བསུ།