སྙན་ངག་པ་ཊཻ་གཱོར་ལ།

གཟི་ནག་པོ།        2025-02-20

           ཁྱོད་ཀྱིས་མུ་མཐའ་བྲལ་བའི་སྤང་ལྗོངས་ལ།

མིག་ཞགས་ཀྱི་ལྟ་ཕོ་རྐྱང་ཁྲ་བཅིབས་ཏེ།

འཁྱམ་སྐྱོད་ཀྱི་ངང་གིས་རྒྱང་གྱར་བྱས་མྱོང་།

ཁྱོད་ཀྱིས་བླ་ན་མཐོ་བའི་ཚེ་སྲོག་དང་།

མི་སེར་གྱི་དཀའ་ངལ་ཡོད་དོ་ཅོག།

རྩིས་མཐོ་ཡི་ངང་ནས་ཕྲག་པར་བླངས་མྱོང་།

ཁྱོད་ཀྱིས་བྲག་གྲུབ་ཀྱི་སྒམ་ཆུང་ཞིག་ཏུ་

དཀོན་ཅོག་ལས་ཀྱང་རྩིས་འདང་ཆེ་བ་དང་།

ཁྲག་རྒྱུན་ལས་གྲུབ་པའི་སྙན་ངག་གླེང་མྱོང་།

ཁྱོད་ཀྱི་མཐར་མཇུག་གི་དུར་ས་དེ་རུ།

དྲི་ངད་ཀྱིས་སྦང་བའི་བརླན་གཤེར་དོར་ཏེ།

སྙན་ངག་གིས་བརྒྱན་པའི་མིང་ཡིག་བཀོད་མྱོང་།

ཁྱོད་ནི་ལོ་རབས་ནས་ལོ་རབས་སུ་སྦས།

གཙང་པོ་བརྒལ་མ་ཐུབ་པའི་རྣམ་འགྱུར་གྱོན།

ཞེ་འཇམ་གྱི་རྣམ་འགྱུར་ལ་ལོ་རྒྱུས་མནོག།

ཁྱོད་ཀྱིས་རྒྱལ་ཁྲིམས་ཀྱི་ཆུ་ཁྱུར་མིད་བཏང་།

སྙན་ངག་ཕྱད་ཀ་ཁྲག་གིས་མཚོན་པར་བྱས།

སྙན་ངག་ཕྱད་ཀ་འོ་མས་བསྐྲུན་མྱོང་།

ཁྱོད་ཀྱི་དུར་ས་མྱུལ་ནས་ལོ་འགའ་སོང་།

སྐྱེ་བོ་འགའ་ཡིས་སྒམ་ཆུང་ལས་གཏེར་ལོན།

དེ་ཡང་སྐྱེ་བོ་འགའ་ཞིག་གིས་བསྒྱུར་བར་བྱས།

བདག་ཁྱོད་ཀྱི་སྙན་ངག་དང་འཕྲད་པ་ནས།

ཁྱོད་ཉིད་ལྷ་རུ་བཀུར་ཅིང་མི་རུ་བརྩིས།

ཁྱོད་ཉིད་མགོན་དུ་བྱས་ཤིང་དཔེ་རུ་བླངས།


  • ལེ་ཚན་སྔོན་མ།:གངས།
  • ལེ་ཚན་རྗེས་མ།:རྫོགས་ལྡན་གཡང་གི་ལོ་སར།