ལྡོང་རོང་བསོད་ཐར། 2025-02-17
ཇོ་ཇོའི་གློ་ལྡེབས་ན་བཏགས་པའི།།
མ་བོས་རང་འདུན་གྱི་ཆུང་འདྲིས།།།
མཛེས་སེ་གཞུང་རིང་མ་ཡིན་སྐད།།
མེ་ཏོག་མ་མཐོང་པའི་དགུན་ལོ།།
ཁུ་བྱུག་མ་གྲག་གི་ཡར་སྔོན།།
བལྟས་ན་པདྨ་ལྟར་མཛེས་ཤིང་།།
ཐོས་ན་ཁུ་བྱུག་ལས་སྙན་སོང་།།
ཆུང་དུས་ཨ་མཚར་གྱི་རྩེད་རོགས།།
ཞིང་ཁའི་སོ་ནམ་གྱི་བཅའ་ཡ།།
ཕན་ཚུན་ཉལ་བསམ་རེ་མེད་རུང་།།
དུས་ཐོག་ཁ་མཚར་གྱི་འུར་ཡ།།
སྐབས་རེ་མི་མཐུན་ཙམ་བྱུང་ན།།
ཁྲོ་རུང་འཛིན་སེམས་དེ་མེད་པ།།
དཀར་ལུ་དམར་འཇམ་གྱི་དགའ་ལོ།།
ཉིན་མཚན་རེས་མེད་ཀྱི་ལྟད་མོ།།
ཆུང་དུས་འཛེམ་བགས་ནི་མི་ཤེས།།
དབྱར་གཞུང་ཆུ་ཁ་རུ་གཡེང་དུས།།
གོས་མེད་གཅེར་བུ་ལ་རྒྱུག་པས།།
གཉིས་ཀ་འདམ་སྦགས་ཀྱིས་རྫོབ་སྐད།།
ཞིང་མཐའི་ཨ་བྲ་དག་སྤྱུགས་ཏེ།།
ཁང་བྱེའུ་མཇུག་སྒྲོ་ལ་འཛིན་པའི།།
མ་རབ་ཆུང་འདྲིས་ཀྱི་ཁ་ལག །
བསམ་ན་དགོད་ཁ་ལས་མི་འདུག །
ན་ནིང་ལྕུག་ཕྲན་ལ་བལྟས་པས།།
ད་ལོ་རང་ལུས་དེ་མཐོ་བ།།
ཆུང་ཆུང་བྱིས་དུས་ཀྱི་རྨི་ལམ།།
ད་ནངས་ཞོགས་དུས་ཀྱི་ཡུན་རེད།།
ཧ་ཅང་མཐུན་འདོད་རེ་ཡོད་ཀྱང་།།
ལས་དབང་མར་འགྲོ་ཡི་གཙང་ཆུ།།
བཀག་ཀྱང་འགོག་ཐབས་ཤིག་མ་བྱུང་།།
ཨུ་ཚུགས་བྱས་པ་ཡང་རང་རེད།།
གཞོན་པའི་མཚར་སྡུག་གི་ལང་ཚོ།།
དྲི་བྲལ་འོ་དཀར་གྱི་མདངས་རེད།།
ཤ་ཚུགས་མར་དཀར་ལས་འཇམ་ཞིང་།།
དགོད་འཛུམ་འཇའ་ཚོན་ལས་ཡག་དར།།
ཇོ་ཇོའི་འཕར་རྩ་ལ་བལྟས་ན།།
ཆགས་པའི་ཐིག་ལེ་ཞིག་མེད་པས།།
གཞོན་དུས་མཚར་སྡུག་གི་ལོངས་སྤྱོད།།
རི་ཁའི་ན་བུན་ལྟར་ཡལ་སོང་།།
མ་ཐུག་ལོ་མང་གི་མཛའ་བོ།།
སེམས་ཀྱི་གཏིང་རུམ་ན་ཉར་ཡོད།།
སྡེ་ཁའི་འཕྱ་སྨོད་ཀྱི་འགྲམ་ནས།།
སྐྱབས་འཇུག་ཞུ་མཁན་དེ་མོ་རེད།།
མཛའ་བོ་རྒྱང་རིང་དུ་སོང་ཤུལ།།
སྤྲིན་དང་ཐོག་སེར་གྱིས་བཀབ་སོང་།།
རྒྱང་རིང་རི་ཚོགས་ཀྱི་དབུ་ལོ།།
ཇོ་ཇོའི་འཛུམ་ཞལ་ལ་བསྒོམས་ཡོད།།
གོས་ལྷམ་ཡག་པོ་ཞིག་མ་གྱོན།།
གོས་ལྷམ་མེད་པ་ཡང་མ་རེད།།
རིགས་བཟང་ངང་རིང་གི་བུ་མོས།།
མཛའ་བོ་དུང་བ་ཡི་མདངས་རེད།།
ཡར་སྟོད་གཉེན་སྟོན་གྱི་ཁ་གཡང་།།
མར་ཕྱོགས་ཆགས་གཏམ་གྱི་ཧིན་སྒྲ།།
ཤ་རྒྱས་ཁྲག་རྒྱས་ཀྱི་མཛེས་སེ།།
དེ་ཡི་བར་མཚམས་ན་ལྷག་ཡོད།།
ཉིན་ཞིག་རྒོངས་སྲོད་ཀྱི་དུས་ལ།།
ཇོ་ཇོ་རང་ཡུལ་དུ་སླེབས་པ།།
སྡེ་ཁའི་ལྐོག་གཏམ་ལས་ཐོས་པས།།
མྱུར་མཇལ་སྟ་གོན་ལ་བྲེལ་སོང་།།
ཟས་ཆང་ཞིམ་ཞིམ་ཞིག་ཁྱེར་ནས།།
ཇོ་ཇོའི་སྐུ་མདུན་དུ་བཅར་སོང་།།
མ་ངུ་རང་དབང་ཞིག་མ་བྱུང་།།
ངུས་ནས་པང་སྟེང་ཡང་བརླན་སོང་།།
ཚེ་རབས་ལས་ལས་ཀྱི་མཐའ་རེད།།
སྡུག་ཀྱང་སྲན་སྲན་ཞིག་བྱས་ཏེ།
ད་བར་གསོན་ཐབས་རེ་བྱུང་སོང་།།
འུ་གཉིས་ཐུག་ཐལ་ཞེས་ངུས་པ།།
ཇོ་ཇོའི་སྤྱན་རྩ་ན་འཁྱིལ་བའི།།
མིག་ཆུ་རྣ་རྩ་ནས་བཞུར་སོང་།།
ཁྱེད་རང་དཀའ་སོང་ཞེས་ཡང་ཡང་།།
མཛེས་སེའི་མཁུར་སྒོང་ལ་བྱིལ་བ།།
དེ་ལྟར་འདས་དོན་གྱི་སྙིང་གཏམ།།
མ་གསང་ཕན་ཚུན་ལ་བཤད་ནས།།
མཚམས་མཚམས་ངུ་བ་དང་དགོད་པ།
ཕྱི་དྲན་རྫོགས་མེད་ཅིག་ཤར་སོང་།།
ནས་ཆང་ཁམ་བུ་རེ་འཐུང་ཞོར།།
དགའ་སྐྱོ་འདྲེས་མ་ཡི་ལྷན་འཛོམས།།
དུས་ཡུན་ཐུང་ཐུང་ཞིག་ཡིན་རུང་།།
ཞེན་ཆགས་ལྡབ་འགྱུར་ཞིག་འཕེལ་སོང་།།
ཇོ་ཇོའི་གསང་བ་ན་ཡོད་པའི།།
ཆུང་འདྲིས་མཛེས་སེ་ནི་ཇེ་མཛེས།།
ཡག་རུང་འདུ་འབྲལ་གྱི་ལས་སྨོན།།
བྲག་དཀར་རྟ་སོ་རུ་བསྐོས་སོང་།།
ཕན་ཚུན་འབྲལ་ཁ་ལ་ཐོན་དུས།།
ད་དུང་བཤད་འདོད་རེ་ཡོད་ཀྱང་།།
བཤད་རུང་མི་འཚམས་པ་ཤེས་པས།།
མཛེས་སེ་ངུ་ལུགས་དེ་སྙིང་རྗེ།།
གོམ་ཁ་རང་ཁྱིམ་དུ་སྤོས་སོང་།།
འཁྲེང་སེམས་རྒྱབ་རོལ་ན་ལྷག་སོང་།།
བྱམས་པ་མཛེས་སེ་ཡི་མི་ཚེ།།
ཧ་ཅང་སྐྱོ་སྣང་ལས་མ་འདས།།
བརླ་ཁུག་མེ་ཏོག་གི་སྙིང་པོ།།
དྲོ་གྲང་དུས་ཚོད་ཅིག་མེད་པས།།
ཧ་ཅང་གྱོང་རུབ་ཏུ་སོང་བས།།
གཞོན་པའི་ཚོར་བ་ཞིག་མ་རྙེད།།
ཇོ་ཇོ་བྲག་ཕུག་ཏུ་རྒས་སོང་།།
རྒས་ལུགས་ཡ་མཚར་ཞིག་ཟེར་དར།།
མ་གི་མཛེས་སེ་ཡི་མི་ཚེ།།
ཇི་ལྟར་རྒས་པ་ཡང་སུས་ཤེས།།
ཕན་ཚུན་མཛའ་བརྩེ་རེ་ཡོད་ན།།
མཛའ་བའི་སྣང་བ་ཞིག་མ་ཐོབ།།
མོ་གཞོན་དྭངས་མ་ཡི་སྐལ་བ།།
འདི་ལྟར་གས་ཆག་གིས་རྫོགས་སོང་།།
ང་རང་ངུ་འདོད་ཅིག་སྐྱེས་རུང་།།
ངུས་ན་འདི་དག་གིས་འཕྱ་ངེས།།
མ་ངུས་སྐྱོ་སྣང་གི་རི་མོ།།
སྟོངས་པའི་ནམ་མཁའ་རུ་ཕབས་ཡོད།།
རྩོམ་གསར། 10