ཐུབ་བསྟན། 2025-01-24
མོང་གོལ་གྱི་རྒྱལ་སྲས་ཡེ་སུ་ཁེའི(也速该)བཱ་ཐུར་ལ་བཙུན་མོ་རུ་ལུན་ནམ་ཨུ་སྟེ་ལན་དང་། ཐ་ནག་ཤི་ཟེར་བ་གཉིས་ཡོད་པའི་ཆེན་མ་ལ་བུ་བཞི་དང་། བུ་མོ་གཅིག གཅུང་ཧ་བོ་ཐོ་ཧ་སར། ཧང་ཐོ་ཧ་ཆའི་གོ་ཨོའི་ཐོ་ཨོ་ཆི་གོ བུ་མོ་ཐུ་མེ་ལུན་གོ ཆུན་མ་ལ་བུ། སུ་ཧེ་བེག་ཐེར་དང་སུ་ཧེ་བེལ་གེག་ཏེ་གཉིས་བཅས་དྲུག་ཡོད་པའི་བུ་ཆེ་བ་ཐེ་མུ་ཅེན་ཟེར་བ(ཇིང་གེར་རྒྱལ་པོ)འདི་ཉིད་རབ་བྱུང་གསུམ་པའི་ཆུ་རྟ(༡༡༦༢)ལོ་ལ་སྐྱེས།(《དེབ་ཐེར་དམར་པོ》དང《དེབ་ཐེར་སྔོན་པོ》སོགས་མང་པོ་ཞིག་གི་ནང་རབ་བྱུང་གསུམ་པའི་ཆུ་སྟག(༡༡༨༢)ལོར་སྐྱེས་པར་བཤད་པ་སོག་ཡིག་གི་ལོ་རྒྱུས་ཁུངས་དག་དང་མཐུན་གྱི་མེད་པར་སུམ་པ་མཁན་ཆེན་གྱིས་གསུངས་འདུག)རང་ལོ་བཅུ་བདུན་ལ་སླེབས་པའི་རབ་བྱུང་གསུམ་པ་ས་ཁྱི(༡༡༧༨)ལོར་ཕས་ཨོང་གོ་ནོད་ཀྱི་ས་ཆའི་ཧོང་ཁི་རད(ཨོང་ཁི་རད)ཀྱི་ཏཱ་ནི་ཆེ་ཆེན་གྱི་བུ་མོ་པོར་ཏཱ་ཅུ་ཤིན་ཟེར་བ་བཙུན་མོར་བླངས། རང་ལོ་ཉེར་བརྒྱད་དུ་སླེབས་པའི་རབ་བྱུང་གསུམ་པའི་ས་བྱ(༡༡༨༩)ལོར་ཡུལ་ཁྱད་པར་དུ་འཕགས་པ་ཁེར་ལུན་མུ་རན་གྱི་འགྲམ་དུ་གནས་པའི་སྡེ་ཁྲི་ཕྲག་བཞི་བཅུ་ཡོད་པ་ཞིག་གི་རྒྱལ་པོ་བྱས། དེའི་ཉིན་མོ་ནས་བཟུང་ཉི་མ་གསུམ་གྱི་བར་དུ་བྱིའུ་སྔར་མཐོང་མ་མྱོང་བ་གཤོག་སྒྲོའི་ཁ་དོག་འཇའ་ཚོན་ལྟར་བཀྲ་ཞིང་སྐད་སྙན་པ་ཞིག་ཤར་ངོས་ཀྱི་ཕ་བོང་གྲུ་བཞི་པ་ཞིག་གི་སྟེང་དུ་བབས་ནས་ཆིང་གེར་ཞེས་པའི་སྐད་ལན་གསུམ་བསྒྲགས་པས་བཀྲ་ཤིས་པའི་རྟགས་མཚན་ཏུ་བརྩིས་ཏེ་རྒྱལ་པོའི་མིང་ལ་ཆིང་གེར་རྒྱལ་པོ(ཐའི་ཙུ་ཞིང་ཨུ་ཧྭང་དྷི)ཟེར་བ་འབོད་པ་འདི་ཉིད་ཧོར་ཡུལ་གྱི་རྒྱལ་པོ་དངོས་ཀྱི་ཐོག་མར་གྱུར། རང་ལོ་ཉེར་དགུ་པ་རབ་བྱུང་གསུམ་པའི་ལྕགས་ཁྱི(༡༡༩༠)ལོར་མན་ཇུ་ཇུར་ཆིད་ཀྱི་རྒྱལ་པོ་ཟོན་ཝང(ཝན་ཟུན)འབངས་དང་བཅས་པ་ཁུག་རྟ་ཁྲི་དང་། བྱི་ལ་སྟོང་གི་རྔ་མ་མེར་བསྲེག་ཏེ་འཁར་གཏོར། རང་ལོ་སོ་གཅིག་པ་རབ་བྱུང་གསུམ་པའི་ཆུ་བྱི(༡༡༩༢)ལོར་སོ་ལོན་གོས་ཀྱི་རྒྱལ་པོ་ཆ་གན་ཟེར་བ་དབང་དུ་བསྡུས་ཏེ། དེའི་བུ་མོ་ཧོ་ལན་གྭ་ཟེར་བ་བཙུན་མོར་བླངས། དེའི་ཕྱི་ལོ་ཐ་ཐར་གྱི་ཡི་ཁེ་ཆོ་ཏོ་ཟེར་བའི་བུ་མོ་ཅི་སུ་དང་། ཅི་སུ་ཁེ་གཉིས་བཙུན་མོར་བླངས། རང་ལོ་སོ་གསུམ་པ་རབ་བྱུང་གསུམ་པའི་ཤིང་སྟག(༡༡༩༤)ལོར་རྒྱ་ནག་གི་རྒྱལ་པོ་ཨལ་ཐན་ཟེར་བ་ཡུལ་ནས་བཏོན་ཏེ་རྒྱ་ནག་གི་ས་ཆ་མུ་ཇི་བཅུ་གསུམ་མངའ་འོག་ཏུ་བསྡུས། དེའི་ཕྱི་ལོ་རབ་བྱུང་གསུམ་པའི་ཤིང་ཡོས(༡༡༩༥)ལོར་ཐོད་དཀར་རམ་རྒྱ་སེར་གྱི་རྒྱལ་པོ་སུལ་ཏེ་ཟེར་བ་བསད་ནས་དེའི་མངའ་ཁོངས་ཐམས་ཅད་མངའ་འོག་ཏུ་བསྡུས། རང་ལོ་སོ་བདུན་པ་རབ་བྱུང་གསུམ་པའི་ས་རྟ(༡༡༩༨)ལོར་ཁེ་རིད་ཀྱི་རྒྱལ་པོ་ཡུག་གི་སྲིད་དབང་ཕྲོགས། རང་ལོ་སོ་དགུ་པ་རབ་བྱུང་གསུམ་པའི་ལྕགས་སྤྲེལ(༡༢༠༠)ལོར་ནའི་མན་པ་ཏ་གིན་རྒྱལ་པོ་ཏཱ་ཡན་ཟེར་བ་ས་མཐར་བསྐྲད་ནས་དེའི་མངའ་འབངས་དབང་འོག་ཏུ་བསྡུས། རང་ལོ་ཞེ་གཅིག་པ་རབ་བྱུང་གསུམ་པའི་ཆུ་ཁྱི(༡༢༠༢)ལོར་ཧོར་ལུས་ཀྱི་རྒྱལ་པོ་ནཱ་རིན་ཟེར་བ་གསོན་པོར་བཟུང་ཏེ་དེ་ཡི་སྲིད་དབང་ཕྲོགས། རང་ལོ་ཞེ་གསུམ་པ་རབ་བྱུང་གསུམ་པའི་ཤིང་བྱི(༡༢༠༤)ལོར་ཏ་རི་ལིག་ཟེར་བའི་རྒྱལ་པོ་ཨར་ས་ལང་ཟེར་བ་དམག་དཔུང་སྟོབས་དང་ལྡན་པ་དེས་ཚུར་རྒོལ་བྱུང་བ་དམག་དཔོན་མོ་ཏ་ལའི་སོགས་དམག་དཔུང་དང་བཅས་པ་མངགས་ཏེ་ཕམ་ཉེས་བཏང་ནས་མངའ་འོག་ཏུ་བསྡུས།《སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང}} (ལྕགས་དཔར་མའི་ཤོག་གྲངས༩༦༥)སོགས་ལས་རང་ལོ་ཞེ་ལྔ་པ་རབ་བྱུང་གསུམ་པའི་མེ་སྟག(༡༢༠༦)ལོར་བོད་དབུས་སུ་སླེབས་སྐབས། སྡེ་སྲིད་ཇོ་དགའ་དང་ཚལ་པའི་དཔོན་རིགས(སྐབས་འདིར་བོད་ཡིག་གི་ལོ་རྒྱུས་ཁག་གཅིག་ནང་ཚལ་པ་ཀུན་དགའ་རྡོ་རྗེ་ཞེས་བྲིས་ཀྱང་ཚལ་པ་ཀུན་དགའ་རྡོ་རྗེ་གཞན་ཞིག་ཡིན་ན་ནི་དེར་ཟད་ལ《དེབ་ཐེར་དམར་པོ》རྩོམ་པ་པོ་ཚལ་པ་ཀུན་དགའ་རྡོ་རྗེ་ནི་མིན་ཏེ། དེ་ནི་ཏཱ་སི་བྱང་ཆུབ་རྒྱལ་མཚན་དང་དུས་མཉམ་པར《དེབ་ཐེར་དམར་པོ》དང《སི་ཏུའི་བཀའ་ཆེམས》སོགས་ལོ་རྒྱུས་ཁུངས་ལྡན་མང་པོར་བཤད་པས་རྩ་བ་ནས་དུས་མི་མཚུངས་སོ)སོགས་མི་གྲངས་སུམ་བརྒྱའི་བསུ་བ་དང་སྣེ་ལེན་རྒྱ་ཆེར་བྱས་ཏེ། མངའ་རིས་སྐོར་གསུམ། དབུས་གཙང་རུ་བཞི། མདོ་ཁམས་སྒང་གསུམ་བཅས་ཡོངས་རྫོགས་ཕུལ་ནས་མགོ་བཏགས། སྐབས་དེར་གཙང་གི་ས་སྐྱའི་བླ་མ(སྐབས་འདིར་ལོ་རྒྱུས་མང་པོ་ཞིག་ཏུ་ཇིང་གེར་ཧན་དང་ཡི་གེའི་འབྲེལ་བ་བྱུང་བའི་ས་སྐྱའི་བླ་མ་ནི་ས་ཆེན་ཀུན་དགའ་སྙིང་པོ་ཡིན་ཞེས་བཤད་འདུག་ཀྱང་། ཇིང་གེར་ཧན་གྱིས་བོད་དུ་དམག་དཔུང་བཏང་བའི་ལོ་ནི་བོད་ཀྱི་རབ་བྱུང་གསུམ་པའི་མེ་སྟག(༡༢༠༦)ལོར་ཡིན་པས་སྐབས་དེར་ས་ཆེན་ཀུན་དགའ་སྙིང་པོ་གཤེགས་ནས་ལོ་ཞེ་བརྒྱད། ས་ཆེན་བསོད་ནམས་རྩེ་མོ་གཤེགས་ནས་ལོ་ཉི་ཤུ་རྩ་ལྔ། རྗེ་བཙུན་གྲགས་པ་རྒྱལ་མཚན་དགུང་ལོ་དྲུག་ཅུར་ཕེབས་པའི་སྐབས་ཡིན་པས་ཇིང་གེར་ཧན་གྱིས་འབྲེལ་བ་བྱུང་སའི་ས་སྐྱའི་བླ་མ་ནི་ངེས་པར་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་ཡིན་དགོས་པར་འདུག་པས་ལོ་རྒྱུས་སྨྲ་བའི་མཁས་པ་རྣམས་ཀྱིས་དཔྱད་པར་ཞུ)ལ་ཆབ་ཤོག་དང་སྐྱེས་བཅས་པའི་མི་སྣ་མངགས་ནས་ད་དུང་ང་རྒྱལ་སྲིད་ཀྱི་བྱ་བའི་རིགས་ཀྱི་དམག་ལས་འགའ་ཞིག་མ་ཚར་བས་དེ་མཐར་ཕྱིན་ཚེ། ཁྱེད་སྲས་བཅས་ཀྱིས་ཧོར་ཡུལ་དུ་རྒྱལ་བསྟན་སྤེལ་དགོས་ཞེས་བཤད་པ་ཙམ་ལས། སྐབས་དེར་དངོས་སུ་མ་ཕྲད་ཀྱང་རིང་མོ་ནས་བླ་མར་བཟུང་། བོད་མི་ཀུན་ཁྲལ་གྱི་ནང་ནས་བཏོན། རང་ལོ་ཞེ་དྲུག་པ་རབ་བྱུང་བཞི་པའི་མེ་ཡོས(༡༢༠༧)ལོར་སར་ཐ་ག་ཆེན་གྱི་རྒྱལ་པོ་ཡ་མ་པཱ་གའི་སྲོག་ཕྲོགས་ནས་མངའ་འབངས་དབང་དུ་བསྡུས། དབུས་གཙང་ནས་རྟེན་གསུམ་མང་པོ་གདན་དྲངས། སོག་སྡེའི་ཁྲོད་ནས་ཆོས་བྱེད་མཁན་ཐོག་མར་བྱུང་བས་སོག་ཡུལ་དུ་ཆོས་དར་འགོ་ཚུགས། རང་ལོ་ང་ལྔ་པ་རབ་བྱུང་བཞི་པའི་མེ་བྱི(༡༢༡༦)ལོར(《ཧོར་ཆོས་འབྱུང》ལས་རེ་དྲུག་པ་མེ་ཕག་ལོར་ཞེས་གསལ)སྟག་གི་ཟླ་བའི་ཡར་ངོའི་ཚེས་བཅོ་བརྒྱད་ལ་བོད་མི་ཉག་གི་ཡུལ་དུ་དམག་དྲངས་ནས་རབ་བྱུང་བཞི་པའི་མེ་ཕག(༡༢༢༧)ལོར་མི་ཉག་རྒྱལ་ཐོག་དགུ་པ་རྡོ་རྗེ་དཔལ་ལམ་སོག་སྐད་ལ་ཐོ་ཅེལ་ཞི་ཏུར་གུ་ཏ་གན་ཟེར་བ་བསད་ནས་ཡུལ་སྡེ་ཐམས་ཅད་མངའ་འོག་ཏུ་བསྡུས། དེའི་དགའ་སྟོན་རྟེན་འབྲེལ་བྱས་པའི་ཟླ་བ་དེ་ལ་ཧོར་ཟླ་དང་པོ་ཟེར་བའི་སྲོལ་དེ་ནས་བྱུང་། རྗེས་སུ་ཐེ་ཅེམ་གྱི་བཙུན་མོ་ཨུ་ནེ་གན་གྱིས་རྒྱལ་པོ་བཀྲོང་པར་འདོད་ནས་གནོད་འཚེ་བྱས་ཀྱང་བཀྲོངས་མ་ཐུབ་པར་སྐྲག་ནས་ཧ་ར་ཨུ་སུ་ཟེར་བའི་ཆུ་ནག་ལ་མཆོངས་ནས་གུམ་པས་ཆུ་དེ་ལ་ཧ་ཐུན་ཟེར། དེ་ནས་ལོ་རེ་དྲུག་ལ་སླེབས་པ་རབ་བྱུང་བཞི་པའི་མེ་ཕག(༡༢༢༧)ལོར་གཙང་པ་དུང་ཁུར་བ་དབང་ཕྱུག་བཀྲ་ཤིས་ལ་ཆོས་ཉན། བན་དེ་ཤེད་སྐྱེད་ཀྱི་འཇའ་ས་ཟེར་བ་ཁྱབ་བསྒྲགས་བྱས། ལོ་དེའི་ཟླ་བ་བདུན་པའི་ཡར་ངོའི་ཚེས་སུམ་ཅུ་ཉིན་མི་ཉག(西夏)ཏུ་འདས། ཡོན་རྒྱལ་རབས་བཙུགས་རྗེས་ཡོན་ཐའེ་ཙུའུ(元太祖)ཞེས་མཚན་བསྟོད་བྱས།《ཧོར་ཆོས་འབྱུང}}ལས་ཡར་ངོའི་ཚེས་བཅུ་གཉིས་ཞེས་གསལ། འདི་ལ《དེབ་ཐེར་དམར་པོ》རུ། ཇིང་གེར་རྒྱལ་པོ་ཆུ་སྟག་ལོ་ལ་སྐྱེས་པ་ལོ་རེ་དྲུག་པ་མེ་སྟག་ལ་འདས་ཟེར་བ་ཡིག་ནོར་ཡིན་ཏེ། སྐྱེས་ལོ་ཆུ་སྟག་ནས་རྩིས་པའི་རེ་དྲུག་པ་མེ་ལུག་མ་གཏོགས། མེ་སྟག་རྩ་བ་ནས་ཁེལ་མི་སྲིད། ཡང《དེབ་ཐེར་སྔོན་པོ》ལྕགས་དཔར་མའི་ཤོག་གྲངས༨༢པའི་ཐོག་སྟག་ལོ་ནས་རྩིས་པའི་དྲུག་ཅུ་རེ་གཅིག་པ་ཆུ་སྟག་ལ་འདས་ཞེས་གསལ་ཡང་། འདི་སྐོར་སུམ་པ་མཁན་པོས་མཛད་པའི《ཆོས་འབྱུང་དཔག་བསམ་ལྗོན་བཟང》དང《ཧོར་ཆོས་འབྱུང》གཉིས་ལས་བཤད་པ་རྣམས་ཁུངས་དག་པར་བསམ་ནས་དེ་ལྟར་དུ་བྲིས།
ཡོང་ཁུངས། དུང་དཀར་ཚིག་མཛོད་ཆེན་མོ།
རྩོམ་གསར། 10