ད་ལོའི་དཔྱིད་གསར་དུས་ཆེན་ལ་འབའ་ཐང་རྫོང་གིས་ཀྲུང་ཧྲན་ཐང་ཆེན་དུ་རྒྱལ་ཁབ་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་འབའ་གཞས་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་། འབའ་ཐང་རྫོང་ཏང་ཚོགས་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་དང་། སྲིད་གཞུང་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག། སྲིད་ཁྲིམས་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག། འཕྲོད་བསྟེན་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག། སློབ་གསོའི་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག། ཞིང་ཆེན་དང་ཁུལ་གཏོགས་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག། བྱ་ཁྱུང་གྲོང་རྡལ་མང་ཚོགས་ཀྱི་འཐུས་ཚབ་རུ་ཁག་བཅས་བདུན་གྱི་འཁྲབ་སྟོན་མི་སྣ400ལྷག་ཡོད་པ་དང་། རྒན་དར་གཞོན་གསུམ་འཛོམས་ཡོད། ཀྲུང་གོའི་གཞས་ཀྱི་ཆོལ་ཁའི་མཚན་སྙན་ཡོད་པའི་འབའ་ཐང་རྫོང་ནི་འབའ་གཞས་ཀྱི་མྱུ་གུ་ཆེས་ཐོག་མ་འབུས་ས་ཡིན་ཞིང་། འབའ་གཞས་ནི་སྙན་ངག་དང་སྒྲ་སྙན། གླུ་དབྱངས། བྲོ་གར་བཅས་གཞི་གཅིག་ཏུ་གྲུབ་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་མཚོན་ཐུབ་ཅིང་། རོལ་དབྱངས་དང་བྲོ་གར། གཞས་ཚིག་སོགས་སྙན་འཇེབས་ཆེ་ཞིང་བག་ཆགས་པོ་དང་། དལ་ལྷོད་ལྷུག་གསུམ་ལྡན་ལ། ལྷད་མེད་རང་གཤིས་མངོན་པ་བཅས་ཡིན་ཞིང་། མི་རྣམས་ཀྱི་གཞུང་དྲང་བག་ཆགས་ཀྱི་སེམས་ཁམས་མཚོན་ཡོད་པ་དང་། རྒན་དར་གཞོན་གསུམ་གྱིས་ཤེས་སླ་བ། དམངས་ཁྲོད་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད།
འབའ་ཐང་རྫོང་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐུང་ལིན་གྱིས་ད་ལོའི་འཁྲབ་ཚན་ཐམས་ཅད་འབའ་གཞས་རྨང་གཞིར་བཟུང་སྟེ་ཞབས་བྲོ་གསར་དུ་བཟོས་པ་ཡིན་ལ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་དར་སྤེལ་གཏོང་བ་དང་དགའ་བདེས་ཁེངས་པའི་དུས་ཆེན་གྱི་སྣང་ཉམས་ཤིག་བསྐྲུན་ཏེ་གླུ་སྙན་མོ་དང་གཞས་ཡག་མོས་རྒྱལ་ཡོངས་མི་དམངས་ཚོར་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན་ཞེས་བཤད་པ་རེད།།