རང་ཁུལ་བུད་མེད་བརྒྱུད་འཛིན་པ་ཚོ་ཞིག་ཁྲེང་ཏུའུ་ལ་སླེབས་འདུག།

        2025-01-20

 ཉེ་ཆར། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དར་སྤེལ་དང་བུད་མེད་ཀྱི་སྟོབས་ཤུགས་མངོན་པའི་རིག་གནས་སྒྱུ་རྩལ་གྱི་རྒྱས་སྟོན་ཞིག་སྟེ། གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་མཉམ་སྐྲུན་གྱིས་བུད་མེད་ལ་སྟོབས་ཤུགས་སྩོལ་བ་དང་མི་རིགས་མཐུན་སྒྲིལ་གོང་འཕེལ་གྱིས་བུད་མེད་ཀྱི་འབྱུང་འགྱུར་གཏོད་ཅེས་པའི་ལི་ཐང་དང་འབའ་ཐང་། འདབ་པ་བཅས་ཀྱི་བུད་མེད་ཚོའི་གཟུགས་མེད་རིག་གནས་ཤུལ་བཞག་ཁྲེང་ཏུའུ་རུ་སྐོར་སྐྱེས་ཀྱི་བྱེད་སྒོ་རབ་དང་རིམ་པ་སི་ཁྲོན་ཞིང་ཆེན་བུད་མེད་དང་བྱིས་པའི་ལྟེ་གནས་སུ་སྤེལ་འགོ་བཙུགས་པ་རེད།

    ཐེངས་འདིའི་བྱེད་སྒོ་ནི་ལི་ཐང་རྫོང་དང་འབའ་ཐང་རྫོང་། འདབ་པ་རྫོང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྲིད་སྟོན་བྱས་ཤིང་། ལི་ཐང་ཨ་མས་བཟོས་ཞེས་པའི་ལག་བཟོ་ཁང་གིས་གཙོ་གཉེར་བྱས་པ་རེད། འབའ་ལི་འདབ་གསུམ་ནས་ཡོང་བའི་བུད་མེད་ལག་ཤེས་པ་དང་། སི་ཁྲོན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་དང་རིམ་ཁག་གསུམ་བརྒྱད་བུད་མེད་དར་དམར་བ། ཕྱི་རྒྱལ་ནས་ལོག་པའི་བུད་མེད་སོགས་ཁྱབ་ཁོངས་ཁག་ནས་ཡོང་བའི་བུད་མེད་ཀྱི་འཐུས་ཚབ་ཕུལ་བྱུང་ཚོ་གཅིག་ཏུ་འཛོམས་ནས་རིག་གནས་བརྒྱུད་འཛིན་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་བུད་མེད་ཀྱི་ནུས་པ་གལ་ཆེན་སྐོར་མཉམ་དུ་བགྲོ་གླེང་བྱས་ཤིང་། མི་རིགས་ཁག་དང་ས་གནས་ཁག་གི་བུད་མེད་ཚོའི་རང་ཚུགས་རང་སྟོབས་དང་ལས་གཏོད་འབད་འཐབ་ཀྱི་གྲུབ་འབྲས་བཟང་པོ་བསྟན་པ་རེད།


    ལི་ཐང་ཨ་མས་བཟོས་ཞེས་པའི་གྲགས་རྟགས་དེས་བོད་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་བརྒྱུད་འཛིན་དང་དར་སྤེལ་གྱི་འགན་ཆེན་ཕྲག་ཏུ་ཁུར་ཞིང་། ཡུལ་སྡེའི་བུད་མེད་སྣེ་ཁྲིད་པ་བསྐྱངས་ནས་བུད་མེད་ཀྱི་ལས་གཏོད་སྤྲོ་སེམས་སློང་བ་དང་། མི་རིགས་མཉམ་འདྲེས་གོང་འཕེལ་ཡོང་བ་རང་འགན་དུ་རྩིས་པ་རེད། དེའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་བཟོ་ཁང་ལ་ལི་ཐང་རྫོང་ཡུལ་སྡེ་དར་རྒྱས་ཀྱི་བུད་མེད་དཔེ་སྟོན་བྱ་ཡུལ་གྱི་མཚན་སྙན་ཐོབ་ཡོད།
  བྱེད་སྒོའི་ཁྲོད་དུ། ལི་ཐང་ཨ་མས་བཟོས་ཞེས་པའི་ལག་བཟོ་ཁང་གི་བུད་མེད་ལག་ཤེས་པས་ཉལ་གཟན་དང་བལ་བསླས་འཐག། བོད་རིགས་ཀྱི་རྒྱན་གོས་བཟོ་དྲུབ་སོགས་སྲོལ་རྒྱུན་ལག་རྩལ་སྤུས་དག་ལྟད་མོ་བའི་མིག་གི་དགའ་སྟོན་དུ་བཤམས་པས་དགའ་བསུ་ཆེན་པོ་ཐོབ་ཡོད། དེ་དང་ཆབས་ཅིག་སི་ཁྲོན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་བུད་མེད་བརྒྱུད་འཛིན་པ་གཞན་དག་གིས་ཡུལ་དངོས་སུ་སྤེལ་རེས་བཤམ་སྟོན་བྱས་ཤིང་། གསུམ་བརྒྱད་བུད་མེད་དར་དམར་བས་བརྩོན་སྐུལ་གྱི་གཏམ་རྒྱུད་བཤད་པ་དང་། ཕྱི་རྒྱལ་ནས་ལོག་པའི་བུད་མེད་འདེགས་ཆེན་དཀྲོལ་འཁྲབ་པས་འདེགས་ཆེན་གྱི་རོལ་དབྱངས་སྙན་མོ་ལྟད་མོ་བའི་རྣ་བའི་གསོས་སུ་ཕུལ་བ་སོགས་བུད་མེད་ཀྱི་སྣ་མང་རིག་གནས་དང་གྲུབ་འབྲས་ཕུལ་བྱུང་སྟོན་པའི་གར་སྟེགས་ཆེན་པོ་ཞིག་བཙུགས་ཏེ། རིག་གནས་བརྒྱུད་འཛིན་དང་སྤྱི་ཚོགས་ལ་བྱས་རྗེས་འབུལ་བ། སྒྱུ་རྩལ་གསར་འབྱེད་ཁྲོད་དུ་བུད་མེད་ཀྱི་ཡིད་དབང་འགུགས་ཤུགས་ཁྱད་དུ་འཕགས་པ་ངོམས་པ་རེད།


     བགྲོ་གླེང་གི་ཁྲོད་དུ། ཁྱབ་ཁོངས་མི་འདྲ་བའི་བུད་མེད་ཕུལ་བྱུང་གི་འཐུས་ཚབ་ཚོས་སོ་སོའི་འབད་འཐབ་ལམ་རིམ་དང་མྱོང་ཚོར་ཞུས་རེས་བྱས་ཏེ། བུད་མེད་ཚོའི་རང་བདག་རང་ཚུགས་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་སྒོ་ཀུན་ནས་མཚོན་པ་རེད། ཉམས་མྱོང་སྤེལ་རེས་བརྒྱུད་དེ་ཕན་ཚུན་ལ་ཆ་རྒྱུས་ལོན་ཤུགས་ཆེ་རུ་སོང་བ་དང་འབྲེལ་མི་རིགས་མཐུན་སྒྲིལ་དང་རིག་གནས་མཉམ་འདྲེས་ཡོང་བར་སྐུལ་སྤེལ་ཡང་ཐུབ་ཡོད།

    ལི་ཐང་ཨ་མས་བཟོས་བཟོ་རྩལ་ཁང་གི་གཙོ་གཉེར་བ་ཆོས་སྒྲོན་གྱིས་ཤིས་ཚིག་འབུལ་སྐབས་ཐེངས་འདིའི་རབ་རིམ་བྱེད་སྒོ་ནི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་བྱེད་མཁན་བུད་མེད་རྒྱ་ཆེན་ལ་གུས་བཀུར་ཞུ་ཚུལ་ཞིག་ཡིན་ལ། བུད་མེད་ཀྱི་སྟོབས་ཤུགས་ཁྱོན་ཡོངས་ནས་མཚོན་པ་ཞིག་ཀྱང་ཡིན། ང་ཚོའི་རེ་བ་ནི་འདི་འདྲའི་སྤེལ་རེས་གླེང་མོལ་བྱས་ནས་བུད་མེད་དེ་བས་མང་པོས་ཡར་ཐོན་རྩེར་སྙེག་བྱ་རྒྱུར་བསྐུལ་ཏེ། མཉམ་དུ་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཡོང་བར་བྱ་རྒྱུ་དེ་ཡིན་ཞེས་བཤད་པ་རེད།

    དེའི་རྗེས་སི་ཁྲོན་སྤྱི་ཚོགས་གསར་འཛུགས་ལྟེ་གནས་སུ་དཀར་མཛེས་ཁུལ་བུད་མེད་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གྲགས་རྟགས་ཁྱབ་སྤེལ་དང་གཙོ་དོན་སྤེལ་རེས་བྱས་ཤིང་། ཧྲུའུ་ཏུའུ་ཝང་ཏ་རུ་ལས་ཚན་བཤམ་འཚོང་བྱེད་སྒོ་དང་རོལ་དབྱངས་འཁྱུག་འཕྲིན་ཏེ་མི་རིགས་གླུ་དབྱངས་དང་ང་དང་ངའི་མེས་རྒྱལ་ཞེས་པ་བླངས་པ་དང་། ཁྲེང་ཏུའུ་དབྱིན་ལུའུ་མགྲོན་ཁང་དུ་དཀར་མཛེས་ཁུལ་བུད་མེད་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གྲགས་རྟགས་མཉམ་ལས་རོགས་པོའི་ངོ་འཕྲད་གྲོས་མོལ་ཆིངས་འཇོག་ཚོགས་འདུ་འཚོགས་ཤིང་། ད་དུང་གཟུགས་མེད་རིག་གནས་ཤུལ་བཞག་གི་བཟོ་རྩལ་ཁང་ཁག་ཏུ་རྟོག་ཞིབ་དང་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པར་མདུན་བཅར་ཞུས་ནས་སློབ་སྦྱོང་དང་སྤེལ་རེས་ཟབ་རྒྱས་བྱས་པ་རེད།།

ལོ་ཙཱ། སྐལ་ཐུབ། 
རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ། 


  • ལེ་ཚན་སྔོན་མ།:ཁུལ་མགོ་ཁྲིད་ཁེ་ལས་དང་སྡེ་ཚན་ལ་སོང་ནས་འཚམས་འདྲིའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།