འདབ་པ་རྫོང་ཕ་ཚང་དཔོན་གྱི་ཁང་པའི་ལོ་རྒྱུས།

ཐུབ་བསྟན་འོད་ཟེར།        2024-01-09

 འདབ་པ་རྫོང་ཕ་ཚང་དཔོན་གྱི་ཁང་པའི་ལོ་རྒྱུས།

 《རླངས་ཀྱི་པོ་ཏི་བསེ་རུ》ལས།ལར་སྐྱེས་མི་ཡིས་རང་གི་སྐྱེས་རྒྱུད་མ་ཤེས་ན།། ནགས་གསེབ་རང་དགར་རྒྱུ་བའི་སྤྲེལ་འཁྱམས་འདྲ།། རིགས་རུས་ཆོ་འབྲང་གང་ཡིན་མ་ཤེས་ན།། ཡུ་འབྲུག་ཟོལ་མ་བཅོས་པའི་དབྱིབས་དང་འདྲ།། ཡབ་མེས་རྣམ་པའི་ཡིག་ཚང་མ་ཤེས་ན།། མོན་ཕྲུག་ཡུལ་བོར་དོན་མེད་ཡན་པ་འདྲ།། ཞེས་གསུངས་པ་ལྟར།ཆུ་བཞི་སྒང་དྲུག་གི་ཡ་གྱལ་སྤོར་འབོར་སྒང་གི་ཁོངས་གཏོགས་འདབ་པ་རྫོང་ཕ་ཚང་དཔོན་གྱི་ཁང་པའི་སྐོར་ཅུང་ཙམ་གླེང་བ་ལ། ས་ཆའི་ཆགས་ཚུལ་བརྗོད་པ་དང་། དཔོན་གྱི་བྱུང་བ་བརྗོད་པ། དཔོན་རབས་གྱི་རིམ་པ་བརྗོད་པ་གསུམ་ལས། 

    དང་པོ། ས་ཆའི་ཆགས་ཚུལ་ནི་གནས་མཆོག་ཀཾ་པོ་གངས་རིའི་ཉེ་འདབས་སུ་གནས་པའི༼  འདབས་པ་དང་འདོབ༽ འདབ་ཤོག་བརྒྱད་ཀྱི་ནང་ཚན་འདབ་སྟོད་གསལ་ལ་གྲོང་ནི།  ཡུལ་མཐོ་ས་གཙང་ཞིང་ཁྱད་ཆོས་ལྡན་པའི་ས་ཆ་ཕུན་སུམ་ཚོགས་ཤིང་མཛེས་སྡུག་ཡིད་དབང་འཕྲོག་པའི་འདབ་ཤོག་བརྒྱད་ཀྱི་གཞི་བདག་ཡུལ་རྗེ་ཞེས་པ་དེ། ཁ་མར་འཁོར་ནས་ཕ་ཡིས་བུ་ལ་ལྟ་བ་ནང་བཞིན་བརྗིད་ཉམས་ལྡན་པའི་མདུན་དུ་ འདབ་སྟོད་གསེར་གཞོང་ལྟར་རྒྱ་ཆེ་ཞིང་དགེ་བཅུ་ཚང་པ་དེ་ལ་སྡེ་བ་ཆེ་ཆུང་བཅུ་བདུན་ཙམ་ཡོད། ༼  རྒན་རབས་རྣམས་ཀྱི་ངག་རྒྱུན་ལས་གྲགས་པའི་གསལ་ལ་གྲོང་གི་སྡེ་བ༡༧བརྩིས་ཚུལ་ནི།༡ ནགས་ཚང་གངས་འགོ་ཁ་བ་འཆགས།  ༢ ཡུལ་གྲོང་མདུང་རྩེ་ཉི་མ་ཤར། ༣ ས་འབར་ས་འཇམ་རྡོ་འཇམ། ༤ ས་གྲོང་སྐྱ་ཀ་ཡར་ཕྱུགས།   ༥  ནོར་བུ་བེའུ་དཀར་འབྲོག  ༦ གནའ་གྲོང་བྱ་རྒོད་གཤོག་ཡ། ༧ ཕར་དགའ་མདའ་རས་སྤུན་གསུམ། ༨ འོག་གནམ་གེ་སར་གླིང་གཞི། ༩ ཐང་འདབ་ཨ་རྟེའུ་བྱང་རྟེའུ།༡༠ དཔའ་སྟོད་བྱ་ཡམ་ཁ་ཆག ༡༡དཔག་མེད་རྫ་ལི་ཁ་ཆག༡༢ ཁུག་སྟེང་རི་བོང་ཕྱིར་ལྟས། ༡༣ ཕར་ལུང་པ་ལྕགས་མདོང་ཟངས་མདོང་། ༡༤ ཡོངས་དྲི་མེད་རྒྱ་ལི་ཁོང་སྟོང་། ༡༥ སེར་ཡིད་བྲག་ཕུག་བྲག་འཇག།༡༦ སོག་བ་མཛོ་རྒན་སྣ་གཡོ། ༡༧ གཡས་པ་རྟ་རྒན་སྒང་ཆོད་དེ་གཡས་ཕྱོགས་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རང་བྱོན་དང་གཡོན་ཕྱོགས་སུ་ནོར་བུ་ཆ་བདུན་གྱི་རང་བྱོན་སོགས་ཡོད།མདུན་དུ་ཡན་ལག་བརྒྱད་ལྡནགྱི་ཆུ་བོ་དང་མཚུངས་པའི་འདབ་ཆུ་དར་ལམ་བརྐྱངས་པ་ལྟར་བབས་ཡོད། ནང་བཅུད་ཀྱི་སེམས་ཅན་རྣམས་ནི་རྒན་པ་ལ་གུས་ཞབས་ཆེ་ཞིང་ཆུང་བ་ལ་བྱམས་བརྩེ་ལྡན་པའི་ཡ་རབས་སྤྱོད་བཟང་ཅན་གྱི་གཤིས་ལུགས་ལྡན་པ་ཡིན་ནོ།

འདབ་པ་རྫོང་ཕ་ཚང་དཔོན་གྱི་ཁང་པའི་ལོ་རྒྱུས།

    གཉིས་པ། དཔོན་གྱི་བྱུང་བ་བརྗོད་པ།གསལ་ལ་ཕ་ཚང་དཔོན་ནི་དུས་རབས་བཅུ་གསུམ་ཡས་མས་ཀྱི་གསལ་ལ་དཔའ་བོ་གྲོང་དུ་ཕར་ལུང་པའི་སྡེ་རུ་ནག་སྐབས་ཚང་དུ་སྐུ་འཁྲུངས།༼  དེང་སང་རྫ་གོལ་དགོན་དུ་མིང་གྲགས་ཆེ་བའི་སྦུག་ཆལ་ནག་སྐབས་ཟེར་བ་དེ་ཡང་དུད་ཚང་གི་མིང་སྦུག་ཆལ་ལ་ཐོགས་པ་ཡིན་བཤད། མ་ཚད་དེང་སང་ས་གནས་དེ་གའི་ཞིང་ལ་ནག་སྐབས་སྒོ་རོག་ཟེར་བ་ཡང་ཡོད༽  མིང་ལ་ཆོས་དབང་ཟེར། ལོ་ན་དར་ལ་བབས་དུས་གྲོགས་འགའ་རེ་དང་མཉམ་དུ་དབུས་ཉི་མ་ལྷ་ས་ཕྱོགས་ལ་སོང་།  ལི་ཐང་ནས་བརྒྱུད་འབུམ་ཉག་ཤྭ་རི་ཐང་ལ་སླེབས་དུས་ལྷ་ས་ལ་འགྲོ་མི་ཡིན་ཟེར་མཁན་སྐྱ་སེར་བཅོ་ལྔ་ཙམ་ཕྲད་ནས་དེ་དང་མཉམ་དུ་ཕྱིན། དེ་ནང་བླ་མ་བཟང་པོ་སྐྱེས་བུ་དམ་པའི་མཚན་ཉིད་དང་ལྡན་པ་ཞིག་ཡོད།ལྷ་ས་ལ་འབྱོར་དུས་ཆོས་དབང་དེ་ལས་རབ་ཏུ་བྱུང་འདོད།  ཡིན་ཡང་བླ་མས་དང་ལེན་མ་བྱས་ནས་ཁྱེད་ཕ་ཡུལ་ལ་མར་འགྲོ་ནས་འབངས་མི་རྣམས་ལ་ཞབས་ཞུ་བྱས་ནས་བདེ་ལ་བཀོད་པའི་ཐབས་ལམ་ཟབ་མོ་བསྒྲུབ་དགོས་ཟེར་ནས་ཆོས་དབང་ལ་ གསེར་དངུལ་གྱིས་བྲིས་པའི་བཀའ་ཤོག་དང་ཐང་ག་ཆོས་དབང་རང་ཉིད་ཀྱི་སྐྱེས་ལྷ་གདུགས་དཀར་སྐུ་འདྲ་དང་ཕྱག་ན་རྡོ་རྗེ་སྐུ་འདྲ་སོགས་གནང་ནས་འདབ་པ་ས་ཕྱོགས་ཀྱི་ནང་སོ་དཔོན་གྱི་གོ་གནས་གནང་།ཕ་ཡུལ་ལ་མར་འོངས་ནས་བླ་མའི་བཀའ་ལྟར་བྱ་བ་བསྒྲུབས་ནས་དཔོན་པོ་མཆོག་ཏུ་གྱུར་པ་ཞེས་མཚན་སྙན་ཐོགས། དེ་ནས་སྤྱི་མེས་མཁན་སྒང་རིན་པོ་ཆེའི་སྦྱིན་བདག་བྱས་ནས་སྤྱི་མེས་བཀྲ་ཤིས་བྱང་དགོན༼  དེང་སང་གསལ་ལ་ཡི་སྟོད་སྐོར་གྲོང་སྡེའི་ལྟག་ལ་དངོས་སུ་མཇལ་རྒྱུ་ཡོད༽ གསར་བཞེངས་བྱས་ནས་ཧ་ཅང་དར་ཁྱབ་ཆེན་པོ་བཏང་།  སྤྱི་མེས་མཁན་སྒང་རིན་པོ་ཆེ་ཐུགས་ཤིན་ཏུ་སྤྲོ་སྟེ་ཁོ་རང་ལ་ཕར་ལུང་པ་གྲོང་ལ་ཡུན་རིང་དུ་འདུག་མི་རུང་སོགས་གསུངས་ནས་གསལ་ལ་ནོར་བུ་གྲོང་དུ་རྒྱབ་རི་མཐོ་བ་མདུན་རི་དམའ་བ་ས་ལ་པད་མ་འདབ་བརྒྱད་ཚང་བའི་ཁྱད་ཆོས་ལྡན་པའི་ས་གནས་ཕུན་སུམ་ཚོགས་པ་ཡིན་པ་སྤྱི་མེས་རིན་པོ་ཆེས་གཟིགས་ནས་ནང་སོ་དཔོན་ལ་ཁྱེད་ཚང་ས་གནས་དེ་ལ་སྤོ་དགོས་གསུངས། སྐབས་དེ་དུས་འབངས་མི་རྣམས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་རྡོ་བཟོ་རིན་ཆེན་ལོ་ལེགས་དང་ཤིང་བཟོ་ཅོ་ཕུར་གཉིས་ཀྱིས་གཙོ་བོ་བྱས་ནས་གསར་བཞེངས་མཛད། སྤྱི་མེས་རིན་པོ་ཆེས་ཀྱང་འབྱུང་བཞིའི་གནོད་པ་བཟློག་པའི་ཕྱིར་ཁང་པ་དེའི་ཐོག་བརྩེགས་དང་པོ་ཕྱིའི་རྩིག་པའི་ལྟག་ལ་སེངྒེ་དང་འབྲུག རྒྱབ་ལ་སྤྲེའུ་དང་བྱ། ཁང་ཞབས་ལ་རུས་སྦལ་སོགས་དང་། ཐོག་བརྩེགས་གཉིས་པ་ལ་ཡང་དེ་ལྟར་ནང་བཞིན་རིགས་གསུམ་མགོན་པོ་སོགས་གསལ་ལ་མི་གསལ་མང་པོ་བརྐོས་ཡོད། ཐོག་བརྩེགས་གསུམ་པ་རྗེས་ནས་དགའ་ལྡན་ཕོ་བྲང་སྐབས་སུ་དཔོན་པོ་བསོད་ནམས་ཀྱི་དུས་ལ་བརྒྱབ་པ་རེད་བཤད་སྲོལ་འདུག  སྤྱིར་དེ་སང་ཁང་པ་འདི་ནང་དཔོན་གྱི་ཚོགས་འདུ་འཚོགས་ས་དང་། གྲོས་བསྡུར་ཁང་མ་ཚད་སྐབས་དེ་དུས་ཀྱི་འཚོ་བའི་སྤྱོད་ཆས་སོགས་མང་པོ་ཡོད། མ་ཟད་དཔོན་རབས་དང་པོ་ནང་སོ་ཆོས་དབང་གིས་ལྷ་ས་ནས་མར་ཁུར་ཡོང་པའི་མ་ཎི་སྐུ་འབུམ་ཟེར་བ་མ་ཎི་བྱིན་ཅན་འདི།  དུས་ད་ལྟ་ལ་ཡང་ཕ་ཚང་ཁང་པའི་བར་ཁྱམས་ནང་དུ་བཙུགས་ནས་ཡོད། སྤྱིར་སྔོན་མའི་དུས་སུ་བཀའ་བརྒྱུད་དང་ས་སྐྱ་དགེ་ལུགས་གསུམ་གྱི་མཆོད་ཁང་ཡོད་ཀྱང་དེང་སང་བཀའ་བརྒྱུད་ཀྱིམཆོད་ཁང་ཆེན་པོ་དེ་མ་རྟོགས་ལྷག་མེད། སྐབས་དེ་དུས་ཆོས་སྐུ་ཀུན་ཏུ་བཟང་པོ་གསུང་བྱོན་མ་དང་དུས་གསུམ་སངས་རྒྱས་ཀྱི་གསེར་སྐུ།  གསེར་ཡིག་དངུལ་ཡིག་ལས་བྲིས་པའི་འབུམ་དང་སངས་རྒྱས་ཀྱི་སྐྱེས་རབས་སོགས་མཆོད་རྫས་དུ་མ་ཡོད།  དེང་སང་དངོས་སུ་མཇལ་རྒྱུ་ཡོད་པ་ནི་ལྡེབས་བྲིས་དང་ཤིང་ཚོན་རི་མོ་སོགས་རེད། ལྡེབས་བྲིས་ནང་སྟག་ལུང་ཐང་པ་དང་གུ་རུ་སྣང་སྲིད་ཟིལ་གནོན། རྗེ་བཙུན་སྒྲོལ་མ། ཕྱག་ན་རྡོ་རྗེ། རྡོ་རྗེ་རྣམ་འཇོམས།རྣམ་རྒྱལ་མ། ཕག་མོ་གྲུ་པ། ཇོ་བོ་རྗེ་བཅས་ཡོད། ལྡེབས་བྲིས་ནང་གི་གཙོ་བོ་ནི་དཔོན་རབས་དང་པོའི་སྐྱེས་ལྷ་གདུགས་དཀར་ཕྱག་སྟོང་སྤྱན་སྟོང་ཡིན།དེ་ཡི་ཐུགས་ཀའི་ཐད་རྩིག་པ་ནང་ལྷ་ས་བླ་མས་ཁོང་ལ་གནང་བའི་གདུགས་དཀར་སྐུ་འདྲ་བཅུག་ཡོད་ཟེར། གང་ལྟར་ཤིང་བཟོ་ལག་རྩལ་དང་རྡོ་བཟོ་ལག་ཤེས། ལྷ་བྲིས་ཀྱི་རི་མོ་སོགས་ལས་དུས་རབས་ཉེར་གཅིག་པའི་མི་རྣམས་ཀྱིས་གནའ་དུས་ཀྱི་འདབ་པ་ལུང་པའི་ཁྱད་ཆོས་རྣམས་དངོས་སུ་མཐོང་ཐུབ། 

     དཔོན་རབས་གཉིས་པ།  ནོར་བུ་སེངྒེ་ནི་ཡབ་ཆོས་དབང་དང་ཡུམ་ཀུན་སྒྲོན་གཉིས་ལས་འཁྲུངས། ཕའི་མཇུག་ལ་གྲུབ་པའི་ལས་ལྷག་མ་ཎི་རྡོ་འབུམ་དེ་ཡང་བསྐྱར་ཁོང་གིས་ཉམས་གསོ་ལེགས་པོ་བྱས་ཡོད། ཁོང་ལ་མིང་སྲིང་གཉིས་ཡོད་ཅིང་བུ་ཡིས་དཔོན་ས་མ་འཛིན་པར་ཟུར་དུ་ས་བཟུང་ནས་ནག་སྐབས་ཚང་དུད་ཁ་གཉིས་ལ་གྱུར། དེང་སང་ཡང་ནག་སྐབས་དུད་ཁ་གཉིས་ལ་ཕ་ཚང་བུ་ཚང་ཞེས་འབོད་དོ།དཔོན་རབས་གསུམ་པ་མ་ལུས་ནི།ཡབ་ནོར་བུ་སེངྒེ་ལས་སྲས་སུ་འཁྲུངས་པའི་གཅེན་པོས་དཔོན་ས་མ་བཟུང་བས་རྐྱེན་གྱིས་མ་ལུས་ཀྱིས་དཔོན་ས་འཛིན་དགོས་བྱུང་།ཁོང་གི་ཕྲུ་གུ་གསོ་དཀའ་བའི་རྐྱེན་གྱིས་རྒྱུ་ནོར་ཡོད་ཚད་དམ་པའི་ལྷ་ཆོས་ལ་བཏང་ནས་གསེར་ཡིག་དངུལ་ཡིག་ལ་བཀའ་བསྟན་མང་པོ་བྲིས་བཅུག་ཡོད་དོ།།

འདབ་པ་རྫོང་ཕ་ཚང་དཔོན་གྱི་ཁང་པའི་ལོ་རྒྱུས།

    དཔོན་རབས་བཞི་པ་བྱམས་པ་ནི།དུས་རབས་བཅུ་བཞི་པའི་དུས་མཇུག་ལ་ཡུམ་མ་ལུས་ལ་སྐུ་འཁྲུངས།དཔོན་རབས་ལྔ་པ་བསོད་ནམས་ཀྱི་དུས་སྐབས་ལ་ཁང་པ་ཐོག་བརྩེགས་གསུམ་པ་མཇུག་སྒྲིལ་དུས་དགའ་ལྡན་ནས་མི་སྣ་མངགས་ཏེ་རྟེན་འབྲེལ་བཟང་པོའི་ངང་ནས་རབ་གནས་མཛད།  མ་ཚད་ཕ་ཚང་དཔོན་ལ་རྩམ་སྒམ་ཞིག་ལེགས་སྐྱེས་གནང་སྟེ་མར་འབུམ་མཛེས་ཡུལ་དུ་བྱོན་ནོ།དཔོན་རབས་དྲུག་པ་མོ་ལེད།  ཁོང་གི་ལོ་རྒྱུས་ཁ་གསལ་མེད།དཔོན་རབས་བདུན་པ་བཀྲ་ཤིས་ཀྱི་དུས་སུ་འདབ་སྟོད་མ་གཏོགས་མངའ་ཁོངས་མིན་རབས་བཤད།དཔོན་རབས་བརྒྱད་པ་རྟ་མགྲིན་ཕུན་ཚོགས། 

    དཔོན་རབས་དགུ་པ་དོན་འགྲུབ་ཕུན་ཚོགས་ནི་དུས་རབས་བཅུ་བདུན་པའི་དུས་མཇུག་ལ་འཁྲུངས། ཁོང་ནི་ཡང་སྟེང་ནང་གསུམ་གྱི་དམག་དཔོན་བྱས་ནས་འབའ་ལ་སོང་དུས་འབའ་དམག་གིས་མཚོན་གྱིས་བཀྲོངས་སོ།།

    དཔོན་རབས་བཅུ་པ་པད་མ་ནི་དུས་རབས་བཅོ་བརྒྱད་པ་ནང་དུ་འཁྲུངས། དེ་དུས་ཟིང་འཚུབ་ཆེན་པོ་ལང་པའི་གནས་ལ་ཐུག་ཡོད། ཁོང་ལ་ཡང་དེ་ལྟར་འབངས་མི་རྣམས་ཀྱིས་གྱེན་ལོག་བྱས། མ་ཟད་སྐབས་དེ་དུས་ཀྲའོ་ཨེར་ཧྥོང་འབའ་ཐང་ནས་ལི་ཐང་། འདབ་པ་བརྒྱུད་དེ་ཕྱག་ཕྲེང་ལ་འོངས། འདབ་པ་དང་ཕྱག་ཕྲེང་གཉིས་ཀྱིས་མཉམ་འབྲེལ་བྱེད་ནས་ཀྲའོ་ཨེར་ཧྥོང་ལ་དམག་བརྒྱག་རྒྱུ་གྲོས་བསྡུར་བྱས་ཀྱང་འདབ་པའི་དཔོན་པོ་རྣམས་ཀྱིས་ཁས་ལེན་མ་གནང་།དེའི་ཕྱིར་ཕྱག་ཕྲེང་གིས་འདབ་པའི་དཔོན་པོ་རྣམས་ཀྱི་ཁང་པ་མེ་ལ་བསྲེགས་ཀྱང་།  ཕ་ཚང་དཔོན་ལ་ཕྱག་ཕྲེང་ནང་ལ་ཉེ་དུ་ཡོད་པའི་རྐྱེན་གྱིས་ཁང་པའི་བར་སྒོ་ཅུང་ཙམ་མ་གཏོགས་འཚིག་ཤོར་མེད།  བར་སྒོའི་འཚིག་མ་སྟེ་དུས་ད་ལྟ་ལ་ཡང་དངོས་སུ་རིག་རྒྱུ་ཡོད། དཔོན་པད་མ་ལ་ཀྲའོ་ཨེར་ཧྥོང་གིས་ཡང་བསྐྱར་གོ་གནས་སྤྲད་ཀྱང་ཚེ་མཐའ་ལ་སྐུ་ཅག་གི་རྣམ་པ་མ་རྟོགས་ཕ་ཚང་དཔོན་གྱི་གོ་ས་དེ་ནས་མཇུག་རྫོགས།  ཡིན་ཡང་པད་མ་ལ་མིང་སྲིང་བཞི་ཡོད་པ་ཆེ་བ་གཡང་ཆེན་སྒྲོལ་མ་ཡིན།དེའི་མི་རྒྱུད་དེང་སང་རྒྱུན་མ་ཆད་པར་གསལ་ལ་ཕ་ཚང་དུ་ཡོད།  ཁང་པ་འདི་ཡང་ད་ལྟ་འདབ་པ་རྫོང་གསལ་ལ་ནོར་བུ་གྲོང་དུ་གནའ་སྔ་མོར་ཡོད་པ་ལྟར་བཟོ་བཅོས་གང་ཡང་མ་མྱོང་པར་ཕྱི་ནང་གི་བཀོད་པ་སོགས་ཁྲ་ཆུང་མིག་གིས་དངོས་སུ་རིག་རྒྱུ་ཡོད་དོ།   

སླར་སྨྲས་པ།

འཇིག་རྟེན་བདེ་ཞིང་ལོ་ལེགས་དང་།། 

འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། 

བདེ་ལེགས་ཕུན་སུམ་ཚོགས་པ་ཡིས།།

ཡིད་ལ་འདོད་པ་ཀུན་འགྲུབ་ཤོག།  

    ཕ་ཚང་དཔོན་གྱི་ལོ་རྒྱུས་རགས་ཙམ་བཤད་པ་འདི་ནི།  གུས་པ་རང་ཉིད་ཆུང་དུས་ལོ་རྒྱུས་དང་གནའ་གཏམ་ལ་དགའ་བའི་དབང་གིས་ཨ་མྱེས༼ ཡུལ་མི་རྣམས་ཀྱིས་ཨ་ཕ་ཧྲལ་ཟེར༽ བཀྲ་ཤིས་རྡོ་རྗེ་ཡིས་བདག་ལ་དཀའ་ངལ་ལ་མ་འཛེམས་པར་བཤད་པའི་ལོ་རྒྱུས་དང་གཞན་ལོ་རྒྱུས་འགའ་ནང་རྙེད་པ་ཐམས་ཅད་བསྡུར་ནས་ཐུབ་བསྟན་འོད་ཟེར་གྱིས་སྤྱི་ལོ༢༠༢༡ལོའི་ཟླ༡༡པའི་༩ཉིན་བྲིས་པ་དགེའོ།། །།

  • ལེ་ཚན་སྔོན་མ།:དུང་དཀར་ཚང་གི་ཡུལ་སྐད་དང་ཡིག་སྐད་སྐོར་གྱི་གསུང་རྩ་ཆེན་ཞིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།