ཞི་ཅིན་ཕིང་གིས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་དགོས་ཞེས་གསུངས།

བདེ་ཆེན་གྱིས་བསྒྱུར།        2024-01-09

       ཀྲུའུ་ཞི་ཞི་ཅིན་ཕིང་གི་སྤྱི་ལོ2024ལོའི་ལོ་གསར་ཤིས་ཚིག་ནང་དུ་འབྲུ་རིགས་ཐོན་སྐྱེད་བསྟུད་མར་ལོ་ཉི་ཤུ་ལ་ལོ་ལེགས་བྱུང་ནས་ཡུལ་སྡེ་དར་རྒྱས་འགྲོ་བར་རྣམ་པ་གསར་པ་ཐོན་ཡོད་ཅེས་གསུངས་ཡོད། ད་ལོར་འགོ་ཚུགས་མ་ཐག་རེ་བས་ཁེངས་པའི་ཞིང་དུ་ཞིང་པ་དུང་ཕྱུར་མང་པོས་སོ་ནམ་ལས་ལ་བརྩོན་ནས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་ཞིང་ཡུལ་སྡེ་དར་རྒྱས་གཏོང་བའི་རྣམ་པ་གསར་པ་བཏོད་པ་རེད།

     དགུན་དུས་སུ་གངས་འཁྱགས་ཀྱིས་བཏུམས་པའི་བྱང་ཤར་གྱི་གྲོང་སྡེ་སྔར་བཞིན་དྲོད་ཁོལ་འཛོམས། ཧེ་ལུང་ཅང་ཞིང་ཆེན་ཝུའུ་ཁྲང་གྲོང་ཁྱེར་ཀྲེན་ཞིང་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ཡུས་ཏེན་ཧུང་གིས་དྲྭ་ཐོག་ཚོང་དོན་ལས་སྟེགས་ནས་ཐད་གཏོང་ཚོགས་པ་གདན་དྲངས་ཏེ་གྲོང་སྡེའི་མཉམ་ལས་ཁང་ལ་ཝུའུ་ཁྲང་འབྲས་འཚོང་བའི་ཆེད་དོན་བྱེད་སྒོ་སྤེལ་བ་རེད།

    ཝུའུ་ཁྲང་འབྲས་ཐོན་ཁུལ་གཙོ་བོར་ཡིན་པའི་ཀྲེན་ཞིང་གྲོང་སྡེར་ན་ནིང་ཟླ་བ8པའི་ཟླ་འགོར་ལོ་མང་འཕྲད་མྱོང་མེད་པའི་ཆུ་ལོག་གི་གནོད་འཚེ་ཕོག་ཡོད་པས། འོན་ཀྱང་ཚང་མས་སེམས་ནུས་གཅིག་སྒྲིལ་གྱིས་གནོད་འཚེའི་གྱོང་གུན་ཆུང་ཤོས་སུ་བཏང་ཡོད། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་དུས། ཝུའུ་ཁྲང་འབྲས་ཕྱིར་ཚོང་གི་དུས་ཚིགས་བྲེལ་ཤོས་སུ་སླེབས་པས་གྲོས་མི་ཚོས་ལས་སྒྲུབ་དུས་ཚོད་རིང་དུ་བཏང་ནས་ལོ་གསར་གྱི་མཁོ་ཆས་མངག་ཐོ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

    2023ལོར་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཐད་མཐོང་དཀོན་པའི་རང་བྱུང་གནོད་འཚེ་འཕྲད་ཀྱང་སྔར་བཞིན་བསྟུད་མར་ལོ་ཉི་ཤུ་ལོ་ལེགས་བྱུང་ནས་འབྲུ་རིགས་ཐོན་ཚད་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད། ཐོབ་དཀའ་བའི་ལོ་ལེགས་གྲུབ་འབྲས་དེའི་རྒྱབ་ཏུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་འབོར་དུང་ཕྱུར་བཅུ་ལྷག་གི་ལྟོ་གོས་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་དོན་ཆེན་ཨང་དང་པོར་བརྩིས་ཡོད་པ་མཐོང་ཐུབ།

    འདས་ཟིན་པའི་ལོ་གཅིག་ནང་དུ་ཚོགས་འདུ་གལ་ཆེན་འཚོག་པའམ་ཡང་ན་གཞི་རིམ་དུ་གཟིགས་ཞིབ་དང་བརྟག་ཞིབ་ཏུ་བསྐྱོད་ནའང་འདྲ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཅིང་གིས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་ཉེན་མེད་ལ་མཐོང་ཆེན་གནང་གི་ཡོད། ཧོ་པེ་ཚང་ཀྲོའུ་རུ་ཁོང་གིས་ས་ཞིང་བ་ཚྭ་ཅན་གསར་སྤེལ་བྱེད་སྤྱོད་དང་བ་ཚྭ་རིགས་ཐུབ་པའི་ཁྱད་རྫས་གདལ་གཏོང་བར་གཟིགས་ཞིབ་གནང་བ་རེད། ནང་སོག་གི་པ་ཡན་ཁྲུའོ་ཨེར་དུ་ཁོང་གིས་ས་གཤིས་དང་ས་བོན་ལ་གཟིགས་ཞིབ་གནང་བ་དང་ཚན་རིག་དང་མཐུན་པའི་ངང་ཞིང་ཆུ་འདྲེན་རྒྱུར་དོ་ཁུར་གནང་བ་རེད། ན་ནིང་ལོ་མཇུག་ཏུ་འཚོགས་པའི་ཀྲུང་དབྱང་གི་ཞིང་སྡེ་ལས་དོན་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དང་། འབྲུ་རིགས་ཉེན་མེད་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ། རྒྱ་ཁྱོན་བརྟན་པོ་ཡོང་བ་དང་མུའུ་རེའི་ཐོན་འཕར་ཡོང་རྒྱུར་ཤུགས་བརྒྱག་རྒྱུ་རྒྱུན་འཁྱོང་དགོས་ཞེས་བསྟན་ཡོད།

    རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་གསར་པ་བྱེད་འགོ་བཙུགས།

    ད་སྔར། ས་གནས་ཁག་གིས་དགུན་དུས་སོ་ནམ་དལ་བའི་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ཏེ། ཚ་ཚ་འུར་འུར་ངང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། ཅང་ཞི་རུ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར80ལྷག་བཏང་བའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཆུས93གྱི་ས་ཞིང3000ལྷག་ལེགས་སྒྱུར་རིམ་པ་སྤར་བར་སྐུལ་ཁྲིད་བྱས་ཡོད།

    ད་ལོར་རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ས་ཞིང་གསར་སྐྲུན་དང་བསྒྱུར་བཀོད་རྒྱ་ཁྱོན་མུ་མཐུད་དེ་ཆེ་རུ་བཏང་སྟེ། རྒྱ་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་སྒྲིག་གཞི་ཚང་བའི་མ་རྨོས་ལོ་ཏོག་གི་རྫོང100དང་གྲོ་ཡི་རྫོང100དང་། པད་ཁའི་རྫོང102གསར་དུ་བསྣན་རྒྱུ་དང་། སྲན་ཆེན་གྱི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་འདུ་འགོད་དང་གཞི་ཁྱོན་ལྡན་པའི་བྱེད་པོའི་ཐོན་འཕར་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་རེད།

     ད་ལོར་རང་རྒྱལ་གྱིས་ཞིང་ལས་ཀྱི་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་ལ་མུ་མཐུད་དེ་བྱ་རྒྱུ་དང་། འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་རང་ཚུགས་རང་འབད་དང་ས་བོན་འབྱུང་ཁུངས་རང་བརྟེན་ཚོད་འཛིན་ཐུབ་རྒྱུར་སྐུལ་འདེད་གཏོང་ཞིང་། ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཀྱི་འདེགས་སྐྱོར་ལ་ཤུགས་བརྒྱག་རྒྱུ་རེད། ཧུའུ་ནན་ཁྲེན་ཀྲོའུ་རུ་གནས་པའི་ཞིང་འཕྲུལ་ཁེ་ལས་དེས་དེ་སྔ་གཙོ་བོ་ལྷོ་ཕྱོགས་དེའུ་འབུར་ས་ཁུལ་གྱི་སྒུལ་ཤུགས་ཆུང་ངུའི་ལྕགས་ཐག་ཅན་གྱི་འདྲུད་འཐེན་འཁོར་ལོ་བཟོས་པ་དང་། ད་ཆ་ཁོ་ཚོས་ཞིང་ལས་འཕྲུལ་ཆས་ཆུང་བ་དེ་ཆེན་པོ་རུ་བསྒྱུར་ནས་འདྲུད་འཐེན་འཁོར་ལོ་ལྕགས་ཐག་ཅན་སྒུལ་ཤུགས160དང180གསར་དུ་བཟོས་ནས་རྒྱལ་ནང་གི་ཁྲོམ་རའི་སྟོང་ཆ་བསྐངས་ཡོད། ལོ་གསར་པའི་ནང་བཟོས་པའི་ཐོན་རྫས་འདི་དག་མྱུར་དུ་སྔོན་ཉོ་བྱས་ཚར་འདུག།

     དེ་རིང་གི་ཀྲུང་གོའི་ཞིང་སྡེ་ལ་སྔར་ལས་མང་བའི་ན་གཞོན་སྟོབས་ཤུགས་འདུས་ཡོད། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ན་གཞོན་ཁྲི1200བརྒལ་བས་ཞིང་དང་རི་ཆུ་བར་ན་རང་གི་རིན་ཐང་མངོན་པ་དང་འཚར་ལོངས་ཁྲོད་དུ་འབྲས་བཟང་ལེན་བཞིན་ཡོད།

     ཉིན་ཤས་ནང་ཡུན་ནན་མོང་ལེན་གྱི་མུའུ་ཁྲི10ཡི་ཤིང་འབྲས་ཉིའུ་ཡུའུ་གཅིག་རྗེས་གཉིས་མཐུད་ངང་སྨིན་ནས་བྲིན་ཚོང་ཆེ་བའི་དུས་ཚིགས་སུ་སླེབས་ཡོད། དེ་སྔ་པར་ལེན་མཁན་ཡིན་པའི“ཞིང་པ་གསར་པ”ཏ་མུའུ་ཡིས་གྲོང་མི་ཚོའི་སྣེ་ཁྲིད་དེ་བཏོད་པའི་ཤིང་འབྲས་ཉིའུ་ཡུའུ་ཡི་གཙོ་དོན་ཞིང་ལས་རིག་གནས་ཡུལ་སྐོར་ཕྱོགས་བསྡུས་ཞིང་རར་དཔྱིད་གསར་དུས་ཆེན་རིང་གི་འགྲུལ་པ་ཁག་དང་པོ་བསུ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༥
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༦
  • དོ་སྣང་ཆེ་བའི་རྩོམ།