ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2023-12-29

ཞི་ཅིན་ཕིང་གིས་བློ་མཐུན་མའོ་ཙེ་ཏུང་གིས་བཏོད་གནང་བའི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས་པའི་ནན་གསུང་གནང་། ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་དང་ཚའེ་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ12པའི་ཚེས26ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་བློ་མཐུན་མའོ་ཙེ་ཏུང་ནི་རླབས་ཆེན་གྱི་མར་ཁེ་ སི་རིང་ལུགས་པ་དང་། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་། འཐབ་ཇུས་མཁས་ཅན། རིགས་པའི་གཞུང་ལུགས་མཁས་ཅན་བཅས་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་རླབས་ཆེན་གྱི་གསར་འབྱེད་པ་དང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་གི་རླབས་ཆེན་གྱི་རྨང་གཞི་འདིང་མཁན། ཉེ་རབས་ཚུན་གྱི་ཀྲུང་གོའི་རླབས་ཆེན་གྱི་རྒྱལ་གཅེས་པ་དང་མི་རིགས་ཀྱི་དཔའ་བོ། ཏང་གི་ཀྲུང་དབྱང་མགོ་ཁྲིད་མཉམ་སྡེབ་མི་རབས་དང་པོའི་སྲོག་ཤིང་། ཀྲུང་གོ་མི་དམངས་ཀྱི་མགོ་ཁྲིད་དེ་རང་ཉིད་ཀྱི་ལས་དབང་དང་རྒྱལ་ཁབ་ཀྱི་རྣམ་པར་འགྱུར་ལྡོག་མཐར་ཕྱིན་པ་གཏོང་མཁན་གྱི་དུས་རབས་ཀྱི་རླབས་ཆེན་མི་སྣ། འཛམ་གླིང་ཐོག་གི་གཉའ་གནོན་མྱོང་མཁན་མི་རིགས་ཀྱི་བཅིངས་འགྲོལ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་མཁན་གྱི་རླབས་ཆེན་གྱི་རྒྱལ་སྤྱིའི་རིང་ལུགས་པ་བཅས་རེད། མའོ་ཙེ་ཏུང་གི་དགོངས་པ་ནི་རང་རེའི་ཏང་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པ་དེས་ང་ཚོའི་བྱ་སྤྱོད་ལ་ཡུན་རིང་མཛུབ་ཁྲིད་ཐུབ་རྒྱུ་རེད། བློ་མཐུན་མའོ་ཙེ་ཏུང་གིས་བཏོད་པའི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་ནི་ཁོང་ལ་དྲན་གསོ་ཡག་ཤོས་ཞུས་པ་ཞིག་རེད་ཅེས་ནན་གསུང་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཏིང་ཞུའེ་ཞང་། ལི་ཞི་བཅས་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཚའེ་ཆི་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཞི་ཅིན་ཕིང་གི་གསུང་བཤད་ནང་བསྟན་དོན། བློ་མཐུན་མའོ་ཙེ་ཏུང་གི་སྐུ་ཚེ་ཧྲིལ་པོ་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་གནང་བའི་སྐུ་ཚེ་ཧྲིལ་པོ་ཞིག་རེད། ཁོང་གིས་མི་དམངས་ལ་སྣེ་ཁྲིད་གནང་སྟེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་བཏོད་པ་དང་། རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ། མི་དམངས་རང་ཁྱིམ་རང་བདག་གི་ཀྲུང་གོ་གསར་པ་བཙུགས་པ། སྔོན་ཐོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། འཐབ་ན་རྒྱལ་ངེས་ཡིན་པའི་མི་དམངས་ཀྱི་དམག་དཔུང་གསར་པ་བཙུགས་པ་བཅས་གནང་ནས་ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ལ་བསུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་མཛད་རྗེས་བཞག་གནང་ཡོད་ལ། འོད་སྟོང་སྐལ་བརྒྱར་འཕྲོ་བའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཀྱང་ཕུལ་གནང་ཡོད།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། བློ་མཐུན་མའོ་ཙེ་ཏུང་གིས་རང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོ་ཏང་དང་མི་དམངས་ལ་ཕུལ་བ་མ་ཟད། མི་རབས་རྗེས་མར་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་བཞག་གནང་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་རླབས་ཆེན་གྱི་གསར་བརྗེའི་གཙོ་འཛིན་གྱི་གཟིགས་རྒྱང་རིང་བའི་ཆབ་སྲིད་ཀྱི་གཟིགས་རྒྱང་དང་། བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་དད་སེམས། གསར་འབྱེད་བྱེད་ཕོད་པའི་སྤྱིར་བཏང་མིན་པའི་བློ་སྟོབས་ཆེན་པོ། བྱང་ཆུབ་པའི་འཐབ་རྩོད་ཀྱི་སྒྱུ་རྩལ། ཁྱད་དུ་འཕགས་པའི་འགོ་ཁྲིད་ཀྱི་འཇོན་ཐང་། མི་དམངས་ལ་བཅངས་པའི་བློ་དཀར་བརྩེ་སེམས། མཁྱེན་རྒྱ་ཡངས་པའི་བློ་སྟོབས་ཆེན་པོ། དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་བཟང་པོ་བཅས་མངོན་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་དགའ་གཅེས་དང་དད་གུས་ཐོབ་ཡོད་ལ། བློ་མཐུན་མའོ་ཙེ་ཏུང་གི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་ནི་ང་ཚོ་ནམ་ཡང་མུ་མཐུད་མདུན་དུ་སྐྱོད་པར་སྐུལ་ལྕག་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ལྟེ་བའི་ལས་འགན་ཞིག་རེད། དེ་ནི་མའོ་ཙེ་ཏུང་སོགས་གསར་བརྗེ་པ་མཁས་ཅན་རྒན་རབས་ཚོས་བསྒྲུབ་རྒྱུར་ལུས་པའི་བྱ་གཞག་ཅིག་རེད་ལ། དེང་སྐབས་ཀྲུང་གོ་གུང་ཁྲན་ཏང་མིའི་རྔམ་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཀྱང་རེད། རྒྱང་ལམ་གསར་པར་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏང་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་མི་དམངས་ཡོངས་ཀྱི་བྱ་གཞག་ཅིག་ཡིན་པས། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་པ་དང་། མི་དམངས་ཀྱི་འཛད་མཐའ་མེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ནས་མི་དམངས་ཡོངས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་གང་ལེགས་འཕེལ་བར་བྱ་དགོས། མི་དམངས་ནི་ལོ་རྒྱུས་གསར་གཏོད་ཀྱི་རྩ་བའི་སྒུལ་ཤུགས་ཡིན་པའི་ལོ་རྒྱུས་ཀྱི་དངོས་གཙོ་རིང་ལུགས་ཀྱི་གཞི་རྩའི་ལྟ་བ་མཐའ་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཡག་པོ་དང་། མངོན་འགྱུར་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱེད་པ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་ཐོབ་པར་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་དུས་བསྟུན་འཕེལ་རྒྱས་གཏོང་བ་དང་། ལག་ལེན་གྱི་རྨང་གཞིའི་ཐོག་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རང་འགུལ་ངང་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ཀྱིས་ལག་ལེན་གསར་པར་མཛུབ་ཁྲིད་བྱེད་པ་བཅས་ནི་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་དང་། དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་བསྙེགས་པ། བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་པ་བཅས་ཀྱི་གྲུབ་འབྲས་ཐོབ་པའི་ལམ་བུ་ཞིག་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སུ་བསྙེགས་པའི་མཆོག་ནོར་གལ་ཆེན་ཞིག་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཕམ་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་ཀྱི་གསོན་ཤུགས་ལ་བཅིངས་འགྲོལ་དང་དེ་ཆེ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཞིག་ཡིན་པས། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་ཀྱི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ནས་ཏང་འདི་ཉིད་དེ་བས་སྟོབས་ཆེན་དང་ནུས་པ་ལྡན་ པ་ཞིག་ལ་འཛུགས་སྐྲུན་བྱས་ཚེ། གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རླབས་གཤགས་མདུན་སྐྱོད་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་བྱེད་ཐུབ།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་མཉམ་དུ་འབད་འཐབ་བྱ་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཇུས་ཕྱོགས་ཡོངས་དང་། ཡང་དག བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ཁྲིམས་ལྟར་ཤང་ཀང་དང་ཨའོ་མོན་སྐྱོང་བ་མཐའ་འཁྱོངས་བྱེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་དོ་དམ་བཅོས་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ་བྱེད་པ། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དང“རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི”རྩ་དོན་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་དོ་དམ་བཅོས་སྐྱོང་བྱེད་པའི་དབང་ཆ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་ལེན་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱ་དགོས། ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་སུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གཏིང་ཟབ་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བཅས་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པར་བྱེད་དགོས། མེས་རྒྱལ་རྦད་དེ་གཅིག་གྱུར་མངོན་འགྱུར་བྱེད་པ་ནི་དུས་ཀྱི་འཕེལ་ཕྱོགས་དང་། བདེན་དོན་གནས་ས། དམངས་སེམས་ཕྱོགས་ས་བཅས་ཡིན་པས། མེས་རྒྱལ་ངེས་པར་དུ་གཅིག་གྱུར་ཡོང་བ་བྱེད་དགོས་ལ་གཅིག་གྱུར་ཡང་ཡོང་ངེས་རེད། དུས་རབས་གསར་པར་ཏང་གིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་མཛད་ཇུས་ལག་བསྟར་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱེད་པ། ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་བ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་གང་རུང་ཞིག་གིས་བྱེད་ཐབས་གང་རུང་ཞིག་སྤྱད་དེ་ཐའེ་དབན་ཀྲུང་གོ་ནས་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པའི་དེང་རབས་ཅན་ཞིག་ཡིན་པས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་ལ་ཡང་སྐུལ་འདེད་གཏོང་ཐུབ། ང་ཚོས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཡུན་རིང་ཞི་བདེ་དང་། སྤྱི་ཡོངས་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་སྐྲུན་པར་སྐུལ་འདེད་གཏང་དགོས། ང་ཚོས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བློ་རྩ་བརྟན་པོས་སྲུང་སྐྱོང་དང་། དཔལ་འབྱོར་གོ་ལ་ཅན་གྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་ནས། གོ་ལ་ཧྲིལ་པོ་བཅོས་སྐྱོང་དང་འཕོ་འགྱུར་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་འཕེལ་རྒྱས་ཕྱིན་པ་ནི་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་ཆེ་རུ་ཕྱིན་པ་ཞིག་ཡིན་པས། འཕེལ་རྒྱས་ཀྱི་ཆུ་ཚད་གང་འདྲ་ཞིག་ཏུ་སླེབས་ཀྱང་ཀྲུང་གོས་ནམ་ཡང་བཙན་དབང་བྱེད་མི་སྲིད་ལ། ནམ་ཡང་རྒྱ་སྐྱེད་ཀྱང་གཏོང་མི་སྲིད། བཞུགས་མོལ་ཚོགས་འདུར་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིང་ཧྲན་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་མེའོ་ཧྭ། ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཞའོ་མིང་བཅས་ཀྱིས་སྔ་རྗེས་སུ་གཏམ་གསུང་གནང་བ་རེད། པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། པེ་ཅིང་གྲོང་ཁྱེར། ཧུའུ་ནན་ཞིང་ཨུད་བཅས་ཀྱི་འགན་འཁུར་བློ་མཐུན་དང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བློ་མཐུན་མའོ་ཙེ་ཏུང་གི་གཉེན་ཉེ་དང་དེ་སྔ་ཁོང་གི་འཁྲིས་སུ་ཕྱག་ལས་གནང་མྱོང་བའི་ལས་དོན་པ། ཕ་ཡུལ་གྱི་འཐུས་མི་བཅས་དང་། དེ་བཞིན“བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་དྲན་གསོ་ཞུ་བའི་རྒྱལ་ཡོངས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུར”ཞུགས་མཁན་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད། བཞུགས་མོལ་ཚོགས་འདུ་མ་འཚོགས་གོང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་འགོ་ཁྲིད་བློ་མཐུན་མའོ་ཀྲུའུ་ཞིའི་དྲན་གསོ་ཁང་དུ་ཕེབས་པ་རེད། ཚོམས་ཆེན་བྱང་མར་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་དང་། དམངས་གཙོ་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་རྒྱལ་གཅེས་མི་སྣ་བཅས་ཀྱིས་ཕུལ་བའི་མེ་ཏོག་སི་ར་བློ་མཐུན་མའོ་ཙེ་ཏུང་གི་སྐུ་བརྙན་གྱི་མདུན་དུ་བཞག་ཡོད། ཞི་ཅིན་ཕིང་སོགས་ཀྱིས་བློ་མཐུན་མའོ་ཙེ་ཏུང་གི་སྐུ་བརྙན་ལ་གུས་འདུད་ལན་གསུམ་ཞུས་གནང་བ་དང་དེ་རྗེས་གདུང་མཇལ་ཁང་དུ་ཕེབས་ནས་བློ་མཐུན་མའོ་ཙེ་ཏུང་གི་སྐུ་ཕུང་ལ་གུས་མཇལ་ཞུས་པ་རེད།།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༨༠
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།