རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་སྔོན་ལ་ཞིང་ལས་སྟོབས་ཆེར་གཏང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་གཞི་རྩའི་བླང་བྱ་ནི་ཞིང་ལས་དེང་རབས་ཅན་མངོན་འགྱུར་ཡོང་བར་བྱ་རྒྱུ་དེ་ཡིན། ད་ལོ་ནས་བཟུང་རང་རྒྱལ་གྱི་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་པ་དང་། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་གྱི་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ཕན་ནུས་ཆེ་རུ་ཕྱིན་པ། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་བཏང་བ་བཅས་རེད། ལོ་མཇུག་ཏུ་སླེབས་སྐབས་འབྲི་ཆུའི་ལྷོ་བྱང་གཉིས་སུ་སོན་ལས་འདེབས་འཛུགས་ལས་རིགས་གསར་གཏོད་ཀྱི་འགག་སྒྲོལ་བྱེད་མགྱོགས་སུ་ཕྱིན་ཡོད། དཔྱིད་ཀ་ལྟར་དྲོད་སྐྱིད་ལྡན་པའི་ཧའེ་ནན་ནན་ཧྥན་རྟེན་གཞིར། ཡོན་ཧྲིའི་ཚོགས་པ20ལྷག་ཙམ་གྱིས་སོན་གསོའི་གསར་གཏོད་བྱེད་བཞིན་ཡོད་པ་དང་། ལས་གཞི་ཁག་གཅིག་སྔ་རྗེས་སུ་ལག་ལེན་བསྟར་ནས་ལོ་ལེགས་གསར་པ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། གངས་འཁྱགས་ཀྱིས་ཁྱབ་པའི་རྒྱལ་ཁབ་རིམ་པའི་སྔོ་ཚལ་འདེབས་འཛུགས་ལས་རིགས་གསར་གཏོད་རྟེན་གཞིའི་ཧྲན་ཏུང་ཧྲོའུ་ཀོང་དུ་ཀྲོ་མ་ཀྲུ་སྣ་ཁ་གསར་པ170ལྷག་ཙམ་གསར་པ་བྱུང་ཡོད། མཉམ་འདྲེས་ཀྱི་གསར་གཏོད་རྣམ་པ་དང་རིག་ནུས་ཀྱི་སྒྲིག་ཆས། སྣ་མང་གི་མཁོ་སྤྲོད་དེ་བས་འགན་ལེན་བཅས་བྱས་ནས2023ལོར་སླེབས་སྐབས་རང་རྒྱལ་གྱི་ཞིང་ལས་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། ད་ལོའི་ཟླ3པར། རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ཀྱི་ཐོག། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་རྨང་གཞི་ཡིན་པ་དང་། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་འཕེལ་རྒྱས་སྤུས་ཚད་མཐོན་པོ་མངོན་འགྱུར་ཡོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ཞེས་ནན་གསུང་གནང་ཡོད། ཟླ10པར་ཅང་ཞིས་སུ་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ། ཞིང་ལས་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ། ཡུལ་སྡེའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད། ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་གཙོ་གནད་ནི་ཞན་ཆ་གསབ་རྒྱུ་དང་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་ཡིན། ཞིང་ནང་ཆུ་བེད་ཀྱི་ཞན་ཆ་གསབ་མགྱོགས་སུ་བཏང་ནས་ཐོན་སྐྱེད་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་ཆེད། ད་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར920བཀོད་སྒྲིག་བྱས་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང598ཀྱི་མཐུད་སྐྲུན་ལེ་ལག་ཚང་བའི་འཛུགས་སྐྲུན་དང་དེང་རབས་ཅན་གྱི་སྒྱུར་བཀོད་ལ་སྐུལ་འདེད་མགྱོགས་པོར་བཏང་བ། རྒྱལ་ཡོངས་ཀྱི་རྨོ་ཞིང་ལ་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར10.55ལས་བརྒལ་བ། ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར10ལྷག་ཙམ་བསྐྲུན་པ་བཅས་རེད། ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་འགག་རྩ་ནི་ཞིང་ལས་ཚན་རྩལ་དེང་རབས་ཅན་དུ་འགྱུར་བར་ཐུག་ཡོད། ད་ལོ་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་ཚྭ་མེད་ཆུའི་ཐོན་རྫས་གསར་པ12རང་བརྟེན་གསོ་ཚགས་བྱ་རྒྱུ་དང་། རང་རྒྱལ་གྱིས་བཟོས་པའི་སྒྲོ་དཀར་བྱ་ཤ་ཡིས་ཁྲོམ་ར་བཟུང་ཚད20%ལྷག་ཙམ་ཟིན་པ། པད་ཁའི་སྣ་གསར“ཀྲུང་གོ་རྡོ་སྣུམ་ཨང་དང་པོ”ཅང་ཞིས་ཅི་ཨན་དུ་རྒྱ་ཁྱོན་ཆེན་པོས་ཚོད་འདེབས་བྱེད་བཞིན་ཡོད་པ་རེད། གཞི་སའི་ལག་རྩལ་དང་ལྟེ་བའི་ས་བོན་གྱི་འགག་སྒྲོལ་ལ་ཚད་བརྒལ་བྱུང་བ་དང་དུས་མཚུངས་གཙོ་གནད་ཞིང་འཕྲུལ་གྱི་མཚོན་རྟགས་རང་བཞིན་གྱི་ཞིབ་འཇུག་གསར་བཟོ་ལའང་འཕེལ་རྒྱས་གསར་པ་བྱུང་ཡོད། རྒྱལ་ནང་གི་ཁྲོམ་རའི་སྟོང་ཆ་སྐོང་བ། རི་མ་ཐང་གི་རི་ཁུལ་འདྲུད་འཐེན་འཁོར་ལོ་རིགས་མང་པོ་ཚོད་བཟོ་བྱས་ནས་ལྷོ་ཕྱོགས་ཀྱི་མུའུ་དུང་ཕྱུར6ལྷག་ཙམ་གྱི་རི་ཁུལ་དུ་སྤྱོད་ཆོག་པའི་དཀའ་གནད་བསལ་ཡོད། ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་མཁོ་སྤྲོད་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ད་ལོ་རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར13908ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་པ་དང་། སྲན་ཆེན་རང་མཁོ་རང་སྤྲོད་ཐུབ་ཚད་མུ་མཐུད་མཐོ་རུ་ཕྱིན།“ཤ་ཚལ་སྒོང་གསུམ”སོགས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འདང་ངེས་བྱུང་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ད་ལོ་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་མ་ལག་དེ་བས་ལེགས་སུ་ཕྱིན་ཡོད། ཁྱིམ་ཚང་ཞིང་ར་ཁྲི400ཙམ་དང་ཞིང་པའི་མཉམ་ལས་ཁང་ཁྲི220ལྷག་ཙམ་གྱིས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བྱས་པ་རེད། ཞིང་ལས་སྤྱི་ཚོགས་ཅན་གྱི་རྩ་འཛུགས་ཁྲི100ལྷག་གིས་ཞིང་དུད་ཆུང་གྲས་ཁྲི9100ལྷག་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་དུ་ཞུགས་པར་སྐུལ་ཁྲིད་བྱས། ད་ལོ་རང་རྒྱལ་གྱི་ཡུལ་སྡེ་ཐོན་ལས་ཀྱི་མཉེན་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད། ཀྲུང་དབྱང་གིས་དགེ་མཚན་ལྡན་པའི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱུ་ཚོགས91འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ཐོན་ལས་ཕྲེང་བ་ཡོངས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར100ལས་བརྒལ་བའི་ཁྱུ་ཚོགས156སྐྱེད་སྲིང་བྱས་པས། ཐོན་ལས་ཕྲེང་བ་སྟེང་གི་ཞིང་པ་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར4000ལྷག་འཕར་བར་སྐུལ་ཁྲིད་བྱས་ཡོད།