ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་བར་ལན་ཆ་བཟང་པོ་བྱུང་བ།

    ཀྲུང་དབྱང་བོད་སྐད་རླུང་འཕྲིན།    2023-12-21

     ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་སྐབས། བསམ་བློར་བཅིངས་འགྲོལ་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་འགྱུར་ལྡོག་ཡོང་ཐབས་བྱེད་པ། རྒྱ་མཚོར་ཕྱོགས་ནས་སྟོབས་ཆེར་གཏོང་ཐབས་བྱེད་པ། སྒོ་འབྱེད་གོང་འཕེལ་གཏོང་བ་བཅས་ཀྱིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀོང་ཞི་ཡི་ལེའུ་ཧུར་ཐག་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད། ཀོང་ཞི་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་། མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་དེ་བས་ཆེ་བ་འཇོག་རྒྱུར་འབད་བརྩོན་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རབ་མཛེས་ཀོང་ཞི་འཛུགས་སྐྲུན་བྱེད་པའི་ཐད་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་ཡོང་བ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཡོད། 

     ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁ་བསྐྲུན་རྒྱུ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཕན་ཚུན་འབྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་རེད། ནན་ཉིང་གྲོང་ཁྱེར་དུ་གནས་ཡོད་པའི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁ་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་ཡིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ། ཆ་འཕྲིན་ཅན་འཛུགས་སྐྲུན་དང་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་སྣོན་དགོས་ཞེས་བསྟན་གནང་ཡོད། ཀོང་ཞི་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝེ་ཡན་གྱིས། མིག་སྔར་ང་ཚོ་ཀོང་ཞི་ཡི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་འཛུགས་སྐྲུན་གྱིས་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་བཞིན་ཡོད། ང་ཚོས“གྲངས་འཛིན་དར་གོས་ལམ་བུ”དེ་པེ་པུའུ་ཝན་མཚོ་ཁུག་འབྲེལ་མཐུད་ཀྱི་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་ཏུ་སྣུར་སྲིང་བྱས་ནས། ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གྲངས་འཛིན་ཅན་གྱི་བརྗེ་སྒྱུར་ལ་འཕྲད་པའི་ལག་རྩལ་དང་། ཤེས་ལྡན་མི་སྣ། མ་དངུལ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཐོག ཞབས་ཞུ་དང་གོང་འཕེལ་གྱི་རྣམ་པ་གསར་པའི་ཁྲོད་ཆ་འཕྲིན་གྲུ་ཁས་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་གསུངས་པ་རེད། 

     ནན་ཉིང་གྲོང་ཁྱེར་ལེའང་ཆིང་ཆུས་ཕན་ལུང་སྡེ་ཁུལ་ནི་མི་རིགས་མང་བའི་འདུས་སྡོད་སྡེ་ཁུལ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་འདི་གར་རྟོག་ཞིབ་གནང་སྐབས། ཀོང་ཞི་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་པའི་དཔེ་སྟོན་ཁུལ་འཛུགས་པར་གཞི་རིམ་སྡེ་ཁུལ་ནས་དམ་འཛིན་བྱ་དགོས་པ་དང་། ཏན་ཏིག་གི་སྡེ་ཁུལ་འཛུགས་སྐྱོང་དང་། ཕན་འབྲས་ལྡན་པའི་སྡེ་ཁུལ་ཞབས་ཞུ། ཕུན་སུམ་ཚོགས་པའི་སྡེ་ཁུལ་བྱེད་སྒོ་བཅས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་བཟང་པོ་བསྐྲུན་དགོས་པ་དང་། མི་རིགས་མཐུན་སྒྲིལ་ལས་དོན་དེ་བས་ལེགས་པར་བསྒྲུབ་དགོས་ཞེས་བསྟན་གནང་ཡོད། ཕན་ལུང་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཡན་ལིན་གྱིས། ང་ཚོས་སྡེ་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། གཡས་གཡོན་ཅ་བསུན་མི་བཟོ་བའི་ཞབས་ཞུ་བརྒྱུད་དེ་ཉེ་འགྲམ་གྱི་མང་ཚོགས་ལ་ཞབས་ཞུ་ཡག་པོ་བསྒྲུབ་རྒྱུ་ཡིན། མང་ཚོགས་ཀྱི་དགོས་མཁོར་མང་ཙམ་ཉན་ནས་ཁོང་ཚོའི་དགོས་མཁོ་དང་ཟུང་འབྲེལ་གྱིས་ང་ཚོའི་ཞབས་ཞུ་ཡག་པོ་བསྒྲུབ་རྒྱུ་ཡིན། ང་ཚོའི་སྡེ་ཁུལ་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས། ང་ཚོས་མི་རིགས་ཁག་གི་མང་ཚོགས་རྣམས་གཉེན་ཉེ་ལྟར་ཕན་ཚུན་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་ཐུབ་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། 

     སྡེ་ཁུལ་ནས་ཞལ་གྱེས་སྐབས། མི་རིགས་ཁག་གི་མང་ཚོགས་རྣམས་ནས་སྤྱི་ཁྱབ་ཧྲུའུ་ཅིར་སྤྲོ་སེམས་འཁོལ་པོས་ཕེབས་སྐྱེལ་ཞུས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚང་མར་ཀོང་ཞི་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར་མང་ཤོས་ཀྱི་རང་སྐྱོང་ལྗོངས་ཤིག་གི་ངོས་ནས། མི་རིགས་ཁག་གི་མང་ཚོགས་རྣམས་གནམ་གཅིག་གི་འོག་ཏུ་འཚོ་ཞིང་དང་ཞིང་ཁ་གཅིག་མཉམ་དུ་རྨོ་འདེབས་བྱེད་པ། གཙང་པོ་གཅིག་གི་ཆུ་མཉམ་དུ་འཐུང་བ། ཁྱིམ་གཞིས་གཅིག་མཉམ་དུ་བསྐྲུན་པ་བཅས་བྱེད་བཞིན་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་མི་རིགས་གཅིག་ཀྱང་རྗེས་སུ་ལུས་མི་རུང་ཞེས་གསུངས་ཡོད། སྡེ་ཁུལ་གྱི་གྲོང་མི་ཧུའུ་ཐིང་ཐིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་ལྟར་གསུངས་པ་ཐོས་སྐབས། འབད་འཐབ་ཀྱི་དམིགས་ཚད་དང་ཁ་ཕྱོགས་སྔར་བས་ལྡན་པ་དང་མི་རིགས་ཁག་གིས་སེ་འབྲུ་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེད་མུ་མཐུད་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། 

     ལའེ་པིན་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཧོང་ཨན་སྤུས་ལེགས“གཉིས་མཐོའི”མངར་ཆ་བུར་ཤིང་རྟེན་གཞིར་ཕེབས་ཤིང་། ཁོང་གིས། ཀོང་ཞི་ནི་རང་རྒྱལ་གྱི་བུ་རམ་ཐོན་ཁུལ་གཙོ་བོ་ཞིག་རེད། ཁྱད་ལྡན་བཟང་ཆའི་ཐོན་ལས་འདི་སྟོབས་ཇེ་ཆེར་བཏང་ནས་རྒྱལ་ཁབ་ཀྱི་མངར་ཆའི་ལས་རིགས་ཀྱི་བདེ་འཇགས་དང་། བུར་ཤིང་འདེབས་མཁན་ཞིང་པའི་འབབ་འཕར་ཕྱུག་འགྱུར་ཆེད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས་ཞེས་བསྟན་གནང་ཡོད། ཀོང་ཞི་ཞིང་ལས་ཚན་རིག་ཁང་བུར་ཤིང་སུའོ་ཡི་སུའོ་ཀྲང་ཝུའུ་ཅན་མིང་གིས། ཉེ་བའི་ལོ་ཤས་རིང་ཀོང་ཞི་ཡིས་སོན་བཟང་གསོ་སྤེལ་རྟེན་གཞིར་བརྟེན་པས། རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་ས་བོན་ཁྲོམ་རར་རྦད་དེ་རང་ཁ་རང་སོ་ཐུབ་ནས། ང་ཚོའི་བུར་ཤིང་འདེབས་འཛུགས་ལས་རིགས་ཀྱི་བདེ་འཇགས་ཐད་འགན་ལེན་ཐུབ་ཡོད། ང་ཚོས་མུ་མཐུད་སོན་བཟང་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་འདེབས་འཛུགས་ཀྱི་རྣམ་པ་ཚུད་པའི་འཛུགས་སྐྲུན་བྱས་ཏེ་བུར་ཤིང་ཐོན་ལས་ཀྱི་མདུན་སྣེའི་ལས་དོན་སྔར་ལས་ཡག་པ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད། 

     དེ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལའེ་པིན་ཏུང་ཐང་ཧྥེང་ཧོང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་ཡོད། ཁོང་གིས། རང་རྒྱལ་གྱི་མངར་ཆའི་ལས་རིགས་ལ་རྒྱལ་སྤྱིའི་འགྲན་རྩོད་དྲག་པོ་འཕྲད་ཡོད་པས། རྩེར་སོན་ཅན་དང་། རིག་ནུས་ཅན། སྦགས་མེད་ཅན་བཅས་ཀྱི་བླང་བྱ་གཞིར་བཟུང་། ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱེད་པ་དང་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། རྒྱུན་ཆད་མེད་པར་སྤུས་ཚད་མཐོ་རུ་གཏོང་བ་དང་། མ་གནས་དམའ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ལའེ་པིན་གྲོང་ཁྱེར་མངར་ཆ་ལས་རིགས་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་ལི་ཁྲེན་གྱིས། ང་ཚོས་རྒྱལ་ཁབ་ཀྱི་མངར་ཆའི་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་བརྟན་པོ་འཁུར་བ་དང་། ཐོན་ལས་རིམ་སྤོར་དང་། གྲོང་གསེབ་དར་རྒྱས། དམངས་འཚོ་ལེགས་བཅོས་བཅས་ལ་དམིགས་པ། རྒྱ་ཁྱོན་བརྟན་པོ་དང་། མུའུ་རེའི་ཐོན་འབར་མང་གཏོང་། ཕན་འབྲས་ཆེར་གཏོང་བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་། ཐོན་ལས་སྦྲེལ་ཐག་ཧྲིལ་པོ་སྤུས་མཐོའི་གོང་འཕེལ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་གསོ་སྦྱོང་ཉིང་ཁྲིར་བསྡུས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་བླང་བྱ་བཏོན།
  • དོ་སྣང་ཆེ་བའི་རྩོམ།