《དཔའ་རིས་སངས་རྒྱས་ཀྱི་གསུང་རྩོམ་དེབ་ཕྲེང》འགྲེམས་སྤེལ་བྱས།

        2023-12-11

《དཔའ་རིས་སངས་རྒྱས་ཀྱི་གསུང་རྩོམ་དེབ་ཕྲེང》གི་འགྲེམས་སྤེལ་མཛད་སྒོ་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས


《དཔའ་རིས་སངས་རྒྱས་ཀྱི་གསུང་རྩོམ་དེབ་ཕྲེང》འགྲེམས་སྤེལ་བྱས།


     ཟླ12པའི་ཚེས9ཉིན། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། 《མཚོ་སྔོན་སྤྱི་ཚོགས་ཚན་རིག》(བོད་ཡིག་པར་མ)རྩོམ་སྒྲིག་ཁང་། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་སློབ་ཚོགས་བཅས་ཀྱིས་རོགས་སྒྲུབ་གནང་ལ། མཚོ་སྔོན་གཙུག་ལག་ཕྲེང་བ་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་ཟིས་འགན་སྒྲུབ་བྱས་པའི་སློབ་དཔོན་ཆེན་མོ་དཔའ་རིས་སངས་རྒྱས་ལགས་ཀྱིས་མཛད་པའི《དཔའ་རིས་སངས་རྒྱས་ཀྱི་གསུང་རྩོམ་དེབ་ཕྲེང》གི་འགྲེམས་སྤེལ་མཛད་སྒོ་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་གྲོང་ཁྱེར་སོ་ཧྥེ་ཐི་གསོལ་མགྲོན་ཁང་ཆེན་མོར་འཚོགས་ཤིང་། པེ་ཅིན་དང་དང་ཀན་སུའུ། མཚོ་སྔོན་སོགས་ནས་ཕེབས་པའི་མཁས་པ་དང་དཔའ་རིས་སངས་རྒྱས་ཁོང་གི་སློབ་མ་སོགས་བསྡོམས་པས་མི150ལྷག་ཚོགས་འདུར་ཞུགས།


《དཔའ་རིས་སངས་རྒྱས་ཀྱི་གསུང་རྩོམ་དེབ་ཕྲེང》འགྲེམས་སྤེལ་བྱས།

     དཔའ་རིས་སངས་རྒྱས་ལགས་ནི་སྤྱི་ལོ1931ལོར་མདོ་སྨད་དཔའ་རིས་ཡུལ་དུ་སྐུ་འཁྲུངས། 1955ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་གའི་དགེ་རྒན་གྱི་ཕྱག་ལས་གནང་། དགེ་རྒན་གྱི་ལས་གནས་སུ་མི་ལོ་ལྔ་བཅུ་ལྷག་ཙམ་ལ་སློབ་ཁྲིད་དང་ལོ་ཙཱ། བསླབ་དེབ་རྩོམ་སྒྲིག བསླབ་གཞི་འཆར་འགོད། སློབ་མ་བདག་གཉེར། སློབ་གླིང་དོ་དམ་སོགས་ལས་དོན་གྱི་ཁུར་གང་བབ་འཐུས་ཤོར་མེད་པ་གནང་ཞིང་། ཞོར་ནས་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་བརྡ་སྤྲོད་དང་མངོན་བརྗོད། སྡེབ་སྦྱོར་བཅས་ཐ་སྙད་རིག་གནས་ཀྱི་གནས་རེ་རེ་ནས་བརྩམས་པའི་བསྟན་བཅོས་གྲགས་ཅན《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》《དག་ཡིག་རིག་པ་གབ་པ་མངོན་ཕྱུང》 《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ》《སྡེབ་སྦྱོར་རིག་པའི་སྲོལ་འབྱེད་ངག་གི་རོལ་མཚོ》《དཔེ་ཆོས་ཚིག་མཛོད》《མངོན་བརྗོད་ཁུངས་བཙུན་རྒྱ་མཚོ》སོགས་པོད་བཅུ་ལྷག་པར་སྐྲུན་གནང་།

《དཔའ་རིས་སངས་རྒྱས་ཀྱི་གསུང་རྩོམ་དེབ་ཕྲེང》འགྲེམས་སྤེལ་བྱས།


     ཐེངས་འདིའི《དཔའ་རིས་སངས་རྒྱས་ཀྱི་གསུང་རྩོམ་དེབ་ཕྲེང》ནི2023ལོའི་ཟླ10པར་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས། བསྡོམས་པས་པོད་དགུའི་བདག་ཉིད་ཅན་ཏེ《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ》《དག་ཡིག་རིག་པ་གབ་པ་མངོན་ཕྱུང》《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》《སྡེབ་སྦྱོར་སྲོལ་འབྱེད་ངག་གི་རོལ་མཚོ》《དཔའ་རིས་སངས་རྒྱས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས》《ལེགས་བཤད་དབྱིག་མཛོད》《བོད་ཡིག་འབྲི་ཚུལ་མཐོང་བ་ཀུན་སྨོན》《དཔེ་ཆོས་ཚིག་མཛོད》《མངོན་བརྗོད་ཁུངས་བཙུན་རྒྱ་མཚོ》བཅས་སོ།།


《དཔའ་རིས་སངས་རྒྱས་ཀྱི་གསུང་རྩོམ་དེབ་ཕྲེང》འགྲེམས་སྤེལ་བྱས།


     ཚོགས་ཐོག་ཏུ་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ཧུང་ཐའོ་ཡིས་ཤིས་ཚིག་ཕུལ་ཞིང་། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ཤེས་རབ་དོན་གྲུབ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་བཀའ་མགོན་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་སོགས་ཀྱིས་གསུང་རྩོམ་བསྡུ་སྒྲིག་དང་པར་སྐྲུན། རིག་གཞུང་ཞིབ་འཇུག་ལ་བརྩོན་པའི་སྙིང་སྟོབས། གསུང་རྩོམ་གྱི་ཁྱད་ཆོས་སོགས་ཕྱོགས་མང་པོ་ནས་བགྲོ་གླེང་རྒྱ་ཆེར་སྤེལ།།




ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༧༤༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།