མང་ཚོགས་ཀྱི་སྒོ་འགྲམ་དུ་གནས་པའི་གངས་ལྗོངས་མཐོ་སྒང་གི་ཞིབ་དཔྱོད་ཁང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-12-08

མང་ཚོགས་ཀྱི་སྒོ་འགྲམ་དུ་གནས་པའི་གངས་ལྗོངས་མཐོ་སྒང་གི་ཞིབ་དཔྱོད་ཁང་།
བྱིས་པར་ཁྲིམས་སྐྱོང་སྐོར་གྱི་སློབ་གསོ་བྱེད་བཞིན་པ།

མཚོ་འཕགས་ཆ་སྙོམས་སྨི3500ཡོད་པ་དང་གསོ་རླུང་དཀོན་པོ་ཡིན་ལ། དུས་བཞི་གངས་འཁྱགས་ཀྱིས་ཁེངས།དཀར་མཛེས་ཁུལ་གྱི་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ་དཀའ་ཉེན་ལ་མི་སྐྲག་པར་ལོ་མང་རིང་ལས་ཡུལ་བརྟན་དུ་སྲུང་ཞིང་ལས་དོན་ཧུར་ཐག་སྒྲུབ་བཞིན་ཡོད་པ་རེད།

དཀར་མཛེས་ཁུལ་ནི་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་མཐོ་སྒང་གི་འཕྲེད་རྒྱུག་རི་རྒྱུད་ཀྱི་ལྟེ་བའི་ས་ཁུལ་དང་མཚོ་བོད་མཐོ་སྒང་ཤར་ལྷོའི་མཐའ་ཁུལ་དུ་གནས་ཤིང་། མངའ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི15.3ཡོད་ཅིང་། ཁོངས་གཏོགས་རྫོང(གྲོང་ཁྱེར)18དང་། ཡུལ་ཤོག289དང་། སྲིད་འཛིན་གྲོང་སྡེ2181ཡོད་ལ་ཐེམ་ཐོའི་མི་འབོར་ཁྲི110.7ཡོད་པ་རེད། དགུན་དུས་ཀྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཏུའུ45ལ་ཟིན་པ་དང་། ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བ། ཁྲིམས་སྐྱོང་གི་རྨང་གཞི་ཞན་པ་བཅས་ནི་དེ་གའི་བཅའ་ཁྲིམས་ལས་དོན་པར་འཕྲད་པའི་དངོས་ཡོད་གནད་དོན་ཞིག་རེད། ཞིབ་དཔྱོད་ཞབས་ཞུས་མང་ཚོགས་ཚང་མར་ཕན་ཐོགས་པའི་ཆེད། ཉེ་བའི་ལོ་ཤས་རིང་། རང་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་མི་དམངས་མང་ཚོགས་ཀྱི་དྲང་གཞག་དྲང་བདེན་གྱི་རེ་སྒུག་གསར་པ་དང་འཚམ་པ་བྱས་ཏེ། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”ལག་ལེན་ཧུར་ཐག་བསྟར་བ། གཞི་རིམ་དུ་བསྐྱོད་ནས་སྒོ་འགྲམ་དུ་དཔང་ཉན་བྱས་ཤིང་དྲྭ་ཐོག་ནས་ཞབས་ཞུ་སྤེལ་བ་སོགས་ཀྱི་ལས་དོན་མང་པོ་བསྒྲུབས་ཏེ། ཤུགས་ཡོད་རྒུས་སྒོ་འགྲམ་གྱི་ཞིབ་དཔྱོད་ཁང་བསྐྲུན་ནས་བོད་འབྲེལ་ས་ཁུལ་གྱི་ཞིབ་དཔྱོད་ཞབས་ཞུ་གཞི་རིམ་དུ་བསླེབ་མི་ཐུབ་པའི་གནད་དོན་ཐག་བཅད་དེ། འགལ་བ་དང་རྩོད་གཞི་སེལ་བ་དང་སྤྱི་ཚོགས་འཆམ་མཐུན་ལ་བསྐུལ་ནས“ཧྥུང་ཆའོ་རྣམ་པའི”ཞིབ་དཔྱོད་ཞབས་ཞུའི་བྱ་སྤྱོད་དཀར་མཛེས་ཁུལ་དུ་ཁྱབ་པ་བྱེད་པ་རེད།

མང་ཚོགས་ཀྱི་སྒོ་འགྲམ་དུ་གནས་པའི་གངས་ལྗོངས་མཐོ་སྒང་གི་ཞིབ་དཔྱོད་ཁང་།
ཁྲིམས་སྐྱོང་དྲིལ་བསྒྲགས་ལས་དོན་མང་ཚོགས་ཀྱི་སྒོ་འགྲམ་དུ་སྤེལ་བཞིན་པ།

ཞིབ་དཔྱོད་ཁང་གིས“འདུམ་འགྲིག་ལྔ”ཡི་བྱ་ཐབས་ལ་བརྟེན་ནས་དམངས་ཀྱི་སེམས་ཁྲལ་བསལ།

ངའི་གླ་ཕོགས་ཆད་ནས་ལོ་གཅིག་ལྷག་འགོར་སོང་། སྦྱིན་བདག་ཐེངས་བཅུ་ལྷག་ལ་བཙལ་ཀྱང་ཐག་གཅོད་ཐུབ་མ་སོང་། གལ་ཏེ་ཞིབ་དཔྱོད་དཔོན་གྱི་རོགས་རམ་མ་བྱས་ན། དཀའ་ལས་བརྒྱབ་པའི་གླ་ཕོགས་འདི་ག་དུས་ལེན་ཐུབ་པ་མི་ཤེས། ངོ་མ་བཀའ་དྲིན་ཆེ། ང་ཚོར་གླ་ཕོགས་ལེན་རོགས་བྱེད་ཆེད་ཞིབ་དཔྱོད་ལས་བྱེད་པ་ལྕགས་ཟམ་རྫོང་དུ་ཐེངས་མང་འགྲོ་བ་དང་ཅི་ཐབས་གང་དྲག་བྱས་སོང་། ཁྱོད་ཚོས་དངོས་གནས་མང་ཚོགས་ཀྱི་དོན་དུ་ལས་ཀ་སྒྲུབ་བཞིན་ཡོད། སྤྱི་ཟླ10པའི་ཚེས19ཉིན་ལ། བྲག་མགོ་རྫོང་ཞིབ་དཔྱོད་ཁང་གིས“དམངས་དོན་འདུམ་འགྲིག་ལྔའི་བཅའ་ཁྲིམས”ལ་བརྟེན་ནས་གཉེར་བའི་ཀྲོའུ་མོའུ་དང་ལན་མོའུ་སོགས་ཞིང་པ་ལས་མི7ལ་ངལ་རྩོལ་ཐོབ་ཆ་བདའ་འདེད་བྱས་ནས་ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པའི་གྱོད་གཞི་བདེ་བླག་ངང་མཇུག་འགྲིལ་བ་རེད།

གྱོད་གཞི་དེ་ཐག་གཅོད་བྱེད་སྐབས་བྲག་མགོ་རྫོང་ཞིབ་དཔྱོད་ཁང་གིས་རང་འགུལ་ངང་ཞིབ་དཔྱོད་ཞབས་ཞུ་སྣུར་སྲིང་བྱས་ནས་ཕྱོགས་གཉིས་པོའི་དོ་བདག་བར་མགྱོགས་མྱུར་འདུམ་འགྲིག་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད། སྤྱི་ཟླ10པའི་ཚེས18ཉིན་ལ་ཞིང་པ་ལས་མི7གྱི་འགྱངས་ཆད་གླ་ཕོགས་ཚང་མ་ཕྱིར་རག་ཐུབ་པ་བྱས་ཡོད།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་ཞིབ་དཔྱོད་ཁང་གི་དོ་བདག་ཕན་ཚུན་ངོ་མི་ཐུག་པ་དང་། གྱོད་གཞི་མཉམ་བསྡུས་དང་ཁེ་ཕན་དོ་སྙོམས། བརྩེ་སེམས་བཅངས་པ། རོགས་བརྟེན་ཐག་གཅོད་སོགས་ཀྱི་དམངས་དོན་ཞིབ་དཔྱོད་ལས་དོན་གྱི“འདུམ་འགྲིག་ལྔ”ཉམས་མྱོང་སྤྱད་དེ་དམངས་དོན་ཞིབ་དཔྱོད་ཀྱི་འདུམ་འགྲིག་ལས་དོན་སྤེལ། ཁུལ་ཡོངས་ཀྱི་གཞི་རིམ་ལས་ཡུལ་དུ་བརྟག་དཔྱད་དང་བཅར་འདྲིར་བསྐྱོད་པ་དང་། དེ་དང་ཆབས་ཅིག་སྲིད་འཛིན་ཞིབ་དཔྱོད་ཀྱི་རྫོང་དང་གྲོང་ཁྱེར་ཁག་གི་གྱོད་སྒྲུབ་སྟོབས་ཤུགས་མི་འདང་བའི་དོན་དངོས་ལ་གཞིགས་ནས། ཁུལ་ཞིབ་དཔྱོད་ཁང་གིས་སྤྱི་འདོམས་བཀོད་འདོམས་དང་ཁུལ་དང་རྫོང་ཞིབ་དཔྱོད་ཁང་གིས་གོང་འོག་མཉམ་འགུལ་ངང་སྣེ་ཁྲིད་དེ་གྱོད་སྒྲུབ་འགན་ལེན་དང་། རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་གིས་མཐུན་སྦྱོར་གཞོགས་འདེགས་ཀྱི་གྱོད་སྒྲུབ་བྱ་ཐབས་སྤྱད་དེ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་གཙོ་གནད་ཐོག་ཐག་གཅོད་བྱས་པ་རེད། སྲིད་འཛིན་ཞིབ་དཔྱོད་ཀྱིས་དམངས་འཚོར་གཅེས་སྐྱོང་དང་འབྱུང་རྩ་ནས་འགལ་ཟླ་དང་རྩོད་གཞི་བསལ་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་བཏང་བ་རེད། ད་ལོ་ནས་བཟུང་། ཞིང་པ་ལས་མིར་གླ་ཕོགས་འདེད་རོགས་བྱས་ནས་ཞུ་གཏུག་ལ་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་སུ་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཞི་ཁྱོན་བསྡོམས73ཞིབ་གཅོད་བྱས་ཡོད། དེའི་ནང་ཞིབ་དཔྱོད་ཁང་གིས་མཐུན་སྦྱོར་འབྲེལ་གཏུག་བྱས་ཏེ་ཞིབ་དཔྱོད་ཀྱི་བར་ཚིགས་སུ་འདུམ་འགྲིག་གྲོས་མཐུན38བྱུང་བ་དང་། ཞིང་པ་ལས་མི82ལ་གླ་ཕོགས་སྒོར་ཁྲི239ལྷག་འདེད་རོགས་བྱས་པ་རེད།

དམངས་བདེ་ཞབས་ཞུ་ས་ཚུགས་ཀྱི་སྤྱི་ཕན་སྲུང་སྐྱོང་ཆེས་ལེགས་པར་གྱུར།

སྡེ་རོང་རྫོང་གི་སློབ་གྲྭ་དང་ཡུལ་ཤོག། ཁྲིམས་སྐྱོང་ཐང་ཆེན་བཅས་སུ་སྐྱོད་པའི་ཚེ“ཉི་འོད་སྡེ་རོང་ཞིབ་དཔྱོད”ཅེས་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སྦྱར་ཡིག་འགེལ་ཡོད་པ་དང་དེའི་ཐོག་ད་དུང་ཞིབ་དཔྱོད་ཞབས་ཞུའི་ཐད་སྦྲེལ་ཁ་པར། རྩ་གཉིས་ཨང་རྟགས་བཅས་ཡོད་པ་རེད། དེ་ནི་སྡེ་རོང་རྫོང་ཞིབ་དཔྱོད་ཁང་གིས་རྫོང་ཡོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བཙུགས་པའི་ཞིབ་དཔྱོད་དམངས་ཕན་ཞབས་ཞུ་ས་ཚུགས་ཡིན་པ་དང་། འདི་ལྟ་བུའི་ཞབས་ཞུ་ས་ཚུགས་རྫོང་ཡོངས་སུ་ཁྱོན་བསྡོམས68ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་རོང་ཞིབ་དཔྱོད་ཁང་གི་དྲྭ་ཐོག་ཞབས་ཞུའི་ལས་སྟེགས་སུ་རྒྱ་ཡིག་དང་བོད་ཡིག་གཉིས་ནས་ཞིབ་དཔྱོད་ཁང་གི་དམངས་ཕན་ཞབས་ཞུ་སྤེལ་ཏེ་མང་ཚོགས་ལ་སྙིང་ཉེ་བའི་ཞིབ་དཔྱོད་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ཡོད།

ཆེས་མཐོ་བའི་ཞིབ་དཔྱོད་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི“གཞན་ཕན་སྤྱི་དོན”གྱི་ལས་སྟེགས་ལ་བརྟེན་ནས་རང་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་རང་སོ་སོའི་རྫོང་ཁོངས་ནས་སྤྱི་ཕན་དང་བླངས་པ་བསྡུས་ནས། སྤྱི་ཕན་གཏུག་བཤེར་གྱི་ཁུངས་སྣེ་བཏོན་པ་དང་། དུས་མཚུངས་སུ་ཁོ་ཚོའི་རང་ངོས་ཀྱི་ཆེད་ལས་ཤེས་བྱ་དང་ལས་སྒོའི་ཁྱད་ཆོས་ལ་བརྟེན་ནས་ཞིབ་དཔྱོད་ལས་ཁུངས་ལ་

སྤྱི་ཕན་སྲུང་སྐྱོང་ལེགས་ཤོས་དང་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་ཤོས་ཐོན་རྒྱུར་རམ་འདེགས་བྱས་པ་རེད། ད་སྔར། ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དང་བླངས་པ127བསྡུས་པ་དང་། ལས་སྟེགས་ཀྱི་ཁུངས་སྣེ21བཏོན་ཞིང་། ཁུངས་སྣེ26བདག་སྤྲོད་བྱས་པ་དང་ལས་སྟེགས་བརྒྱུད་ཁུངས་སྣེ་འབྱོར་བ་དང་འབྲེལ་བརྟག་དཔྱད་ཞིབ་བསྡུར་བྱས་རྗེས་འབྲེལ་ཡོད་སྡེ་ཚན་ལ་སྤྲད་པའི་ཞིབ་དཔྱོད་གྲོས་འགོ་བཅོས་སྒྲིག་བྱས་པར་བསྐྱར་སློག་བྱེད་ཚད་བརྒྱ་ཆ་བརྒྱ་ལ་ཟིན།

མང་ཚོགས་ཀྱི་ཆེད་དུ་དང་མང་ཚོགས་ལ་བརྟེན་པ་སྟེ། སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་དུ་རང་ཁུལ་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་བར་ཚིགས་ཐམས་ཅད་དུ“ཧྥུང་ཆའོ་ཉམས་མྱོང”གསར་གཏོད་ཀྱི་ལག་ལེན་རྒྱུན་མི་ཆད་པར་བྱས་ཤིང་། མང་ཚོགས་ཀྱི་སེམས་ཁུར་དང་དོ་ཁུར་བྱེད་པའི་དམངས་འཚོའི་ཁྱབ་ཁོངས་ཀྱི་གྱོད་གཞི་ཡག་པོ་གཉེར་ནས། མང་ཚོགས་ཀྱིས་འཚོ་བ་སྐྱིད་པོ་ལ་རེ་སྒུག་ཆེན་པོ་བྱེད་པའི་དགོས་མཁོ་བསྐངས་དང་སྐོང་བཞིན་ཡོད།

སྐོར་སྐྱོད་ཞབས་ཞུ་རུ་ཁག་གིས“ཆེད་བཟོས་ཅན”གྱི་ཞིབ་དཔྱོད་ཞབས་ཞུ་བྱས།

སི་ཁྲོན་ནུབ་རྒྱུད་ཀྱི་གྲོག་རོང་དུ་གནས་པའི་རོང་བྲག་རྫོང་གི་ས་ཁམས་ཁོར་ཡུག་གི་གནས་ཚུལ་ནི་ས་གནས་དེ་གའི་གྲོང་མིར་བཅའ་ཁྲིམས་རོགས་སྐྱོར་ཐོབ་ཐབས་མེད་པའི་འགོག་རྐྱེན་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པས། ཞིབ་དཔྱོད་ཁང་མང་ཚོགས་ཀྱི་སྒོ་འགྲམ་དུ་སྤོ་ཐུབ་ཆེད། རོང་བྲག་རྫོང་ཞིབ་དཔྱོད་ཁང་གི“དམུ་རྡོའི་སྲུང་དམག”ཅེས་པའི་ཞིབ་དཔྱོད་གྱོད་སྒྲུབ་ཚོགས་པས་བསམ་ཕྱོགས་གསར་གཏོད་བྱས་ནས་འཚམས་འདྲི་དང་ལེན་དང་། བརྟག་དཔྱད་ཞིབ་འཇུག། བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞིབ་དཔྱོད་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བའི་གཟའ་འཁོར་ཞེས་པའི་བྱེད་སྒོ་སྤེལ་ནས། སྐོར་སྐྱོད་ཞབས་ཞུ་གྲོང་སྡེ་དང་ཁེ་ལས། སློབ་གྲྭ། མང་ཚོགས་བཅས་སུ་སྤེལ་ནས་བཅའ་ཁྲིམས་ཀྱི་རེ་ཞུ་ཐབས་ལམ་ཕྱེ་བ་དང་། ཁྲིམས་ལུགས་ཁྱབ་གདལ་མི་སེར་གྱི་ཁྲོད་དུ་སླེབས་ཐུབ་པ་བྱས་ཏེ། དམངས་འཚོར་ཞབས་འདེགས་ཞུས་པ་རེད།

ཉེ་བའི་ལོ་ཤས་རིང་། ཁུལ་ཞིབ་དཔྱོད་ཁང་གིས“གྱོད་གཞིར་དམིགས་ནས་གཞི་རིམ་དུ་བཅར་འདྲིར་སྐྱོད་པ” དང “དུས་བཀག་ལྟར་སྐོར་ཞིབ”སོགས་ཀྱི་ཆེད་དོན་ལས་དོན་ཤུགས་ཆེན་སྤེལ་ནས་ཞིབ་དཔྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁུལ་ཡོངས་ཀྱི་ཡུལ་ཤོག325དང་སྲིད་འཛིན་གྲོང་སྡེ2679ལ་བཅའ་ཁྲིམས་ཀྱི་ལྟ་སྐུལ་ཁྱབ་ཏུ་འཇུག་པ་དང་། མ་སྐུལ་དང་ལེན་ངང་མང་ཚོགས་ཀྱིས་གོང་དུ་ངོ་བཅར་བྱ་རྒྱུ་དེ་ཞིབ་དཔྱོད་དང་གཞི་རིམ་དུ་བཅར་འདྲིར་བསྐྱོད་རྒྱུར་བསྒྱུར་བས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་། ཞིབ་དཔྱོད་ཁང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་རེད།

མུ་མཐའ་མེད་པའི་གངས་ལྗོངས་མཐོ་སྒང་དང་། གངས་རིའི་འོག། གྲོག་རོང་བཅས་ཀྱི་བར་དུ་རང་ཁུལ་གྱི་ཞིབ་དཔྱོད་ལས་བྱེད་པས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གྲིབ་གཟུགས་མཐོང་རྒྱུ་ཡོད་ལ། མང་ཚོགས་ཀྱི་སེམས་སུ་སླེབས་པའི“ཧྥུང་ཆའོ་ལམ་བུ”ཞིག་ཀྱང་ཆགས་ཟིན་ནོ།།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག།༼༧༢༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།