ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་“ལྟེ་གནས་ལྔའི”འཛུགས་སྐྲུན་ལས་འགན་གལ་ཆེན་ལ་དམིགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་མགྱོགས་མྱུར་བསྐྲུན་དགོས་ཞེས་གསུངས།

    ཀྲུང་དབྱང་བོད་སྐད་རླུང་འཕྲིན་ནས་དྲངས།    2023-12-06

ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་“ལྟེ་གནས་ལྔའི”འཛུགས་སྐྲུན་ལས་འགན་གལ་ཆེན་ལ་དམིགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་
སྤྱི་ཟླ11པའི་ཚེས28ནས་སྤྱི་ཟླ12ཚེས2ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་ཧྲང་ཧའེ་དུས་བཅད་ཚོང་ཟོག་ཉོ་ཚོང་ཁང་དུ་རྟོག་ཞིབ་གནང་བཞིན་པའི་གནས་ཚུལ་རེད། 

ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་“ལྟེ་གནས་ལྔའི”འཛུགས་སྐྲུན་ལས་འགན་གལ་ཆེན་ལ་དམིགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་
སྤྱི་ཟླ11པའི་ཚེས28ཉིན་ནས་སྤྱི་ཟླ12པའི་ཚེས2ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་། འདི་ནི་སྤྱི་ཟླ11པའི་ཚེས29ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་རྨིན་ཞིང་ཆུས་དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་མཁན་དོ་དམ་པའི་ཁྱིམ་ཚང་དུ་ཕེབས་ནས་སྤྱི་ཁུལ་གཞིས་མི་དང་མཛའ་བརྩེའི་ངང་ཞལ་བརྡ་ལབ་བཞིན་པའི་གནས་ཚུལ་རེད།     

          ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། ཧྲང་ཧའེ་ཡིས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་གཞིགས་པ། རྒྱལ་སྤྱིའི་དཔལ་འབྱོར་ལྟེ་གནས་དང་། དངུལ་རྩའི་ལྟེ་གནས། ཉོ་ཚོང་ལྟེ་གནས། མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས། ཚན་རྩལ་གསར་གཏོད་ལྟེ་གནས་བཅས་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ལ་དམིགས་པ། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ། བསྒྱུར་བཅོས་སྒོ་འབྱེད་ཀྱིས་སྒུལ་ཤུགས་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱིས་སྣེ་ཁྲིད་བྱེད་པ། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་གྱིས་འགན་སྲུང་བྱེད་པ། གསར་གཏོད་བྱེད་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ཏེ། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ནུས་པ་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་མགྱོགས་མྱུར་བསྐྲུན་ཐུབ་པ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་སྣེ་ཁྲིད་སྣེ་འདྲེན་དང་དཔེ་སྟོན་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཞེས་ནན་སྟོན་གནང་ཡོད།    

སྤྱི་ཟླ11པའི་ཚེས28ནས་སྤྱི་ཟླ12ཚེས2ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་གྲོང་སྤྱི་ཀུང་ཀྲེང་གི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་སྔ་རྗེས་སུ་དངུལ་རྩའི་ལས་ཁུངས་དང་། ཚན་རྩལ་གསར་གཏོད་གླིང་ཁུལ། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་རྣམ་གྲངས་སོགས་སུ་ཕེབས་ནས་བརྟག་ཞིབ་གནང་ཡོད་པ་རེད།

ཚེས28ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་འཁོར་ནས་བབས་མ་ཐག་ཧྲང་ཧའེ་དུས་བཅད་ཚོང་ཟོག་ཉོ་ཚོང་ཁང་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། ཁོང་གིས་གློག་རྡུལ་བརྙན་ཤེལ་དང་ཚོང་རར་འདོན་པའི་སྣ་རིགས་གལ་ཆེན་གྱི་རྩིས་སྤྲོད་རྩིས་ལེན་དངོས་པོའི་འགྲེམས་སྟོན་དང་ཟུང་འབྲེལ་གནང་ནས། ཉོ་ཚོང་ཁང་གིས་གོ་ལ་ཧྲིལ་པོའི་ཐོན་ཁུངས་བཀོད་སྒྲིག་ནུས་པ་ཆེ་རུ་གཏོང་བ་དང་དངོས་ཚན་དཔལ་འབྱོར་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་ཚུལ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་པ་དང་འབྲེལ། ཉོ་ཚོང་ཁང་གི་རྒྱུན་ལྡན་གྱི་མ་དངུལ་དོ་དམ་དང་རྩིས་སྤྲོད་རྩིས་ལེན་གྱི་བསྡོམས་རྩིས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས། ཧྲང་ཧའེ་ཡིས་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་སྐྲུན་པའི་དམིགས་ཚད་ཡང་དག་པ་དང་། གོམ་སྟབས་བརྟན་པ། མདུན་ལམ་འོད་ཟེར་ལྡན་པ་བཅས་ཡིན་པ་དང་། ཧྲང་ཧའེ་དུས་བཅད་ཚོང་ཟོག་ཉོ་ཚོང་ཁང་གིས་འཛམ་གླིང་ཐོག་གི་ཉོ་ཚོང་ཁང་རྩེ་གྲ་གང་མགྱོགས་བསྐྲུན་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དུས་བཅད་ཚོང་ཟོག་ལྟ་སྐུལ་དོ་དམ་ལམ་ལུགས་དང་ལས་སྒོའི་རྣམ་པ་འཚོལ་ཞིབ་དང་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་དེ་རྗེས་རླངས་འཁོར་ལ་བཞུགས་ཏེ་ཕུའུ་ཏུང་ཁུལ་གསར་གྱི་ཀྲང་ཅང་ཚན་རིག་གྲོང་དུ་ཕེབས་ནས་ཧྲང་ཧའེ་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། ཁོང་གིས་བརྙན་ཐུང་དང་ཟུང་འབྲེལ་གནང་ནས་ཧྲང་ཧའེ་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་ཀྱི་སྤྱིའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། འགྲེམས་ཁང་ནང་ཕེབས་ནས་རྨང་གཞིའི་ཞིབ་འཇུག་དང་། མི་ཐབས་རིག་ནུས། སྐྱེ་དངོས་གསོ་རིག་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཚན་ཞིབ་མི་སྣའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཚན་རྩལ་དང་སློབ་གསོ། ཤེས་ལྡན་མི་སྣ་བཅས་ཀྱི་འཐབ་ཇུས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཧྲང་ཧའེ་ཡིས་དེའི་ཐད་སྣེ་འདྲེན་ཡག་པོ་བྱས་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ནུས་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཕྱོགས་སུ་མགྱོགས་མྱུར་བསྐྱོད་དགོས། ལས་འགན་སྒྲུབ་སེམས་ཆེ་བའི་རྩེར་སོན་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་ཤུགས་ཆེན་བྱ་དགོས་པ་དང་། ཁོང་ཚོར་རིག་པ་དང་བློ་གྲོས་འདོན་སྤེལ་བྱེད་པའི་ཆ་རྐྱེན་བཟང་པོ་བསྐྲུན་དགོས་ཞེས་བསྟན་གནང་ཡོད།

ཉེ་བའི་ལོ་ཤས་རིང་། ཧྲང་ཧའེ་གྲོང་ཁྱེར་གྱིས་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བས། ཧྲང་ཧའེ་རུ་ཡོང་མཁན་གྱི་གྲོང་མི་གསར་པ་དང་། གཞོན་སྐྱེས། འཐབ་ས་དང་པོའི་ལས་སྒྲུབ་མི་སྣ་བཅས་ཀྱི་སྡོད་ཁང་འགན་སྲུང་ཐུབ་ཡོད། ཚེས29ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མིན་ཧང་ཁུལ་དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་པའི་ཁྱིམ་གཞིས་སུ་རྟོག་ཞིབ་གནང་བར་ཕེབས་ཡོད། ས་གནས་དེ་གས་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གྲབས་འཛུགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཉལ་ཁྲི་གཅིག་དང་། ཁང་མིག་གཅིག ཁང་པ་ཆ་ཚང་ཞིག་བཅས་ཀྱི་བང་རིམ་མང་བའི་བོགས་གཏོང་སྡོད་ཁང་མཁོ་སྤྲོད་མ་ལག་བཙུགས་ཡོད་པ་མཁྱེན་རྗེས། ཞི་ཅིན་ཕིང་གིས་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས་སྔ་རྗེས་སུ་སྡེ་ཁུལ་གྱི་སྡོད་ཁང་རྣམ་པ་དང་ཉལ་ཁང་རྣམ་པའི་བོགས་གཏོང་ཁང་པ་གླས་ནས་སྡོད་མཁན་ཚོའི་སྡོད་ཁང་དང་། སྤྱི་པའི་ཐབ་ཚང་། སྤྱི་པའི་གོས་འཁྲུ་ཁང་སོགས་སུ་ཕེབས་ནས། དེ་གར་སྡོད་མཁན་གྲོང་ཁྱེར་གྱི་འཐབ་ས་དང་པོའི་ལས་དོན་པ་ཚོའི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གཟབ་བཞེས་གནང་བ་དེས་ཡུལ་དངོས་ཀྱི་མི་ཚང་མར་སེམས་འགུལ་ཐེབས་ཡོད། དེ་ག་ནས་ཞལ་གྱེས་སྐབས། སྡེ་ཁུལ་གྱི་གྲོང་མི་ཚོས་རུབ་རུབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིར་དགའ་སྐྱེལ་ཞུས་ཡོད། ཞི་ཅིན་ཕིང་གིས། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འཛུགས་སྐྲུན་པ་ཚོ་འདི་གར་བདེ་སྡོད་ལས་བརྩོན་བྱེད་བཞིན་པ་མཐོང་སྐབས་ང་རང་དགའ་ཚོར་ཧ་ཅང་ཆེན་པོ་འདུག གྲོང་ཁྱེར་ལ་མཐོ་ཚད་ཡོད་དགོས་ལ་དེ་བས་ཀྱང་དྲོ་སྐྱིད་ཡོད་དགོས། རང་རེའི་སྤྱི་ཚོགས་རིང་ལུགས་འདི་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་དགོས། ཕྱི་ཕྱོགས་ནས་ཡོང་བའི་ལས་མི་རྣམས་ཀྱིས་ཧྲང་ཧའེ་ལ་ལེགས་སྐྱེས་ཕུལ་ཡོད་པས། ཁོང་ཚོ་ཡང་གྲོང་ཁྱེར་འདིའི་བདག་པོ་རེད། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་བསྟར་ནས། མི་དམངས་མང་ཚོགས་ནས་སྡོད་ཁང་ཐད་དགོས་མཁོ་སྣ་ཚོགས་ཡོད་པ་དེ་དག་ཟམ་མི་ཆད་པར་བསྐངས་ཏེ། ཕྱི་ཕྱོགས་ནས་ཡོང་བའི་མི་རྣམས་ཡོང་ཐུབ་པ་དང་། ཉར་ཐུབ་པ། སྡོད་ཐུབ་པ། ལས་ཐུབ་པ་བཅས་ཡོང་བར་འགན་ལེན་བྱ་དགོས་ཞེས་གསུངས་ཡོད།

ཟླ་བ12ཚེས1ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ནས་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལས་དོན་སྙན་སེང་ཞུས་པར་གསན་ཞིང་། ཧྲང་ཧའེ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། “ལྟེ་གནས་ལྔ”འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཧྲང་ཧའེ་ལ་སྤྲད་པའི་ལས་འགན་གལ་ཆེན་ཞིག་རེད། ཧྲང་ཧའེ་ཡིས་གང་དེ་གཙོ་རྒོལ་གྱི་ཁ་ཕྱོགས་སུ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ཕྱོགས་ཁག་གི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་ཁྲིད་སྟོན་དང་། སྤྱི་ཡོངས་ཇུས་བཀོད་དང་མཉམ་དུ་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས། གཙོ་གནད་འགག་གཏོར་དང་གནས་གཅིག་ཁྱོན་འཁྲིད་བཅས་བྱས་ཏེ། གྲོང་ཁྱེར་གྱི་ནུས་རིམ་དང་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱིས་ཁྲིད་སྟོན་བྱེད་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་ལ་ཤུགས་སྣོན་རྒྱག་པ། སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། འཛམ་གླིང་རིམ་པའི་རྩེར་སོན་ཐོན་ལས་ཁྱུ་ཚོགས་གང་མགྱོགས་སྐྱེད་སྲིང་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་བསྐྲུན་པ་བཅས་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་ལྟེ་གནས་ཀྱི་གནས་བབ་དང་འཛམ་གླིང་དཔལ་འབྱོར་བཅོས་སྒྲིག་གི་ཤུགས་རྐྱེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དེང་རབས་དངུལ་རྩའི་ལས་ཁུངས་དང་དངུལ་རྩའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་ཚད་མཐོ་བའི་དངུལ་རྩའི་ཕྱི་ཕྱོགས་སྒོ་དབྱེ་ལག་ལེན་བསྟར་ཏེ། དངོས་ཚན་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་ལ་ཞབས་ཞུ་དེ་བས་ལེགས་པ་བསྒྲུབ་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་མཐོར་འདེགས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་སྤྱིའི་ཉོ་ཚོང་ལྟེ་གནས་ཀྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། རྩེར་སོན་གྱི་མཚོ་ཐོག་སྐྱེལ་འདྲེན་ཞབས་ཞུ་སོགས་ཀྱི་ཞན་ཆ་གང་མགྱོགས་གསབ་སྟེ་མཚོ་ཐོག་སྐྱེལ་འདྲེན་གྱི་ཐོན་ཁུངས་འཛམ་གླིང་ཧྲིལ་པོར་ཆ་སྦྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་མཐོ་ས་འཛུགས་རྒྱུར་སྐུལ་འདེད་བཏང་ནས་གསར་གཏོད་ཀྱི་སྐྱེ་ཁམས་ཡག་པོ་བསྐྲུན་དགོས། འབྲི་ཆུའི་ཟུར་གསུམ་གླིང་ཁུལ་དང་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱབ་འགྱེད་ཁྲིད་སྟོན་ནུས་པ་འདོན་སྤེལ་དེ་བས་ཡག་པ་བྱ་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཧྲང་ཧའེ་དེ་ཉིད་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ས་ཆ་ཞིག་དང་གོ་ལ་ཧྲིལ་པོ་དང་སྦྲེལ་མཐུད་གཏིང་ཟབ་བྱེད་པའི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པའི་ཆ་ནས།འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ནས་བསྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། གོང་འཕེལ་གྱི་སྒུལ་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏང་དགོས། གསར་གཏོད་རང་བཞིན་གྱི་བསྒྱུར་བཅོས་དང་སྣེ་ཁྲིད་རང་བཞིན་གྱི་སྒོ་དབྱེར་ཕྱོགས་མཐའ་ཀུན་ནས་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། བསྒྱུར་བཅོས་མ་ལག་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ། ཕུའུ་ཏུང་ཁུལ་གསར་གྱི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟར་སྐུལ་འདེད་ཏན་ཏིག་གཏོང་བ། གྲུ་ཁ་དང་ཐག་ཉེ་བའི་ཁུལ་གསར་པར་སྔོན་ལ་གནོན་ཤུགས་ཚོད་ལྟ་བྱེད་པ། སྒྲིག་སྲོལ་དང་སྒྲིག་ལམ། དོ་དམ། ཚད་གཞི་སོགས་པའི་ལམ་ལུགས་རང་བཞིན་གྱི་སྒོ་དབྱེ་བརྟན་ཐོག་རྒྱ་ཆེར་གཏོང་བ། རྒྱལ་ཁོངས་ལས་སྒྲོལ་བའི་ཞབས་ཞུ་ཉོ་ཚོང་དང་མ་འཇོག་གི་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། ཧུང་ཆའོ་རྒྱལ་སྤྱིའི་སྒོ་དབྱེའི་ལྟེ་བའི་ནུས་རིམ་སྔར་བས་མཐོ་རུ་གཏོང་བ། ནང་འདྲེན་དངོས་མང་འགྲེམ་ཚོགས་སོགས་ཕྱོགས་གཉིས་སྒོ་དབྱེའི་སྟེགས་བུ་ཆེན་པོ་མུ་མཐུད་ཡག་པོ་གཉེར་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་སྲིད་ཇུས་དང་ལམ་ལུགས་མ་ལག་གང་མགྱོགས་ཆགས་པར་བྱེད་དགོས། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”རྒྱུན་འཁྱོངས་བྱེད་པ་དང་། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དམངས་གཉེར་ཁེ་ལས་བཏང་སྙོམས་ངང་ཁྲོམ་རའི་འགྲན་རྩོད་ནང་ཞུགས་པར་འགན་ལེན་བྱེད་པའི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱེད་པ། རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པ། རིགས་ཁག་གི་ཚོང་གཉེར་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་བྱེད་པ་བཅས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་ཐོན་ཁུངས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་པ། གྲོང་ཁྱེར་འཆར་འགོད་དང་ལག་བསྟར་བྱེད་པའི་ཐད་འཛུགས་སྐྱོང་འཆར་འགོད་གཅིག་ལག་བསྟར་མཐར་ཕྱིན་བྱེད་པ། གྲོང་ཁྱེར་གྲངས་འཛིན་ཅན་ལ་བརྗེ་སྒྱུར་བྱ་རྒྱུ་མགྱོགས་སུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཕྱོགས་ཡོངས་ནས་སྦགས་མེད་བརྗེ་སྒྱུར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ལྡེམ་ཤུགས་ཡོད་ལ་བདེ་འཇགས་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་ཆེས་ཆེ་བ་བཅོས་སྐྱོང་བྱེད་པའི་དེང་རབས་ཅན་གྱི་ལམ་བུ་གསར་པའི་ཐོག་ཧུར་ཐག་བསྐྱོད་དགོས། དམངས་འཚོར་ཕན་པ་འདོགས་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཉིད་གྲོང་ཁྱེར་འཛུགས་སྐྲུན་དང་བཅོས་སྐྱོང་བྱེད་པའི་ཐོག་མའི་སྐུལ་སློང་དང་མཐར་ཐུག་གི་དམིགས་འབེན་ལ་བརྩི་བ་དང་། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བ་བྱེད་པའི་ཁྲོད་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་འཚོ་ཡོང་བ་བྱེད་པ། མི་ཚང་མ་ཞུགས་པ་དང་། མི་ཚང་མས་འགན་འཁུར་བ། མི་ཚང་མས་ལེགས་སྐྱེས་འབུལ་བ། མི་ཚང་མས་མཉམ་སྤྱོད་བྱེད་པ་བཅས་ཀྱི་གྲོང་ཁྱེར་བཅོས་སྐྱོང་གི་གཅིག་མཐུན་མ་ལག་བསྐྲུན་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་སྤྱི་ལེ་གཅིག”ཤར་བགྲོད་ཐུབ་པ་བྱེད་པ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་གནད་དོན་ཐག་གཅོད་ནན་ཏན་བྱེད་པ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ། གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་རྨང་གཞི་སྲ་བརྟན་དུ་གཏང་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རིག་གནས་དགོངས་པ་ལག་བསྟར་བྱེད་པ་དང་། རིག་གནས་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ། རིག་གནས་ཀྱི་ནང་རྐྱེན་སྟོབས་ཤུགས་ཆེ་རུ་གཏང་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པས་སེམས་ཤུགས་སྒྲིལ་ནས་བླ་སྲོག་གཏོད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིང་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་ལེན་བསྟར་བ། མར་ཁེ་སི་རིང་ལུགས་ཀྱིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་བཟུང་བའི་མཛུབ་ཁྲིད་ཀྱི་གནས་བབ་སྲ་བརྟན་དུ་གཏོང་བ། རིག་གནས་སྤེལ་རེས་དང་མཉམ་འདྲེས་སྣ་ཚོགས་ཀྱི་ཁྲོད་དུ་གཙོ་རྒྱུན་རིན་ཐང་ལྟ་བ་དང་། གཙོ་རྒྱུན་གླེང་ཕྱོགས། གཙོ་རྒྱུན་རིག་གནས་བཅས་སྔར་བས་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་རིག་གནས་ཁྲག་རྒྱུན་རྒྱུན་འཛིན་བྱ་རྒྱུར་སྣང་ཆེན་བྱེད་པ། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རིག་གནས་དམངས་ཕན་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་པ། མང་ཚོགས་རང་བཞིན་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྱོང་རྒྱ་སྐྱེད་པ་དང་གཏིང་ཟབ་ཏུ་གཏོང་བ། ཤེས་རིག་ལ་དང་དོད་བྱེད་པའི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས། གྲོང་མིའི་ཤེས་དཔལ་བྱང་ཚད་དང་གྲོང་ཁྱེར་གྱི་ཤེས་དཔལ་ཚད་གཞི་ཆ་ཕྱོགས་ཧྲིལ་པོས་མཐོ་རུ་གཏང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཞིག་ཡིན་ལ་རྩ་བའི་འགན་ལེན་ཞིག་ཀྱང་ཡིན། ཧྲང་ཧའེ་ནི་ང་ཚོའི་ཏང་དབུ་བརྙེས་ས་ཡིན་པས། ཚོགས་ཆེན་དང་པོའི་ཚོགས་ར་སོགས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར“ངེས་པར་དུ་བྱེད་དགོས་པ་གསུམ”བློ་ལ་བརྟན་པོར་ངེས་པ་བཅས་ཀྱིས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གསར་འབྱེད་གསར་གཏོད་དང་། འབད་འབུངས་ཡར་བརྩོན། དངོས་འཛིན་དངོས་གཉེར་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱ་དགོས་པ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་དང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དོན་འཁྱོལ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་དང་འཚམ་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བཅས་བྱ་དགོས། གྲོང་ཁྱེར་ཤིན་ཏུ་ཆེ་བའི་ཁྱད་ཆོས་ཁོང་དུ་ཆུད་པ་དང་། གཞི་རིམ་ཏང་སྐྱོང་ལས་ཀའི་བསམ་ཕྱོགས་དང་མ་དཔེ་གསར་གཏོད་དང་། ཏང་གི་གཞི་རིམ་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་དང་ཆད་གཅོད་མཐའ་གཅིག་ཏུ་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། སྲིད་གཙང་སྤྱོད་གཙང་གི་ཆབ་སྲིད་འབྱུང་ཁམས་རྒྱུན་འཁྱོངས་བྱེད་དགོས། ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་མཇུག་འགྲིལ་ཉེར་ཡོད་པས། ཚད་གཞི་མི་ཆག་པ་དང་། ངར་ཤུགས་མི་ལྷོད་པ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཕྱོགས་ཁག་གི་ལས་དོན་དང་ཟུང་འབྲེལ་གྱིས་ཕྱོགས་གཉིས་དམ་འཛིན་དང་། གཉིས་ཀར་འཐུས་ཤོར་མི་ཡོང་བ། གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།

སྤྱི་ཟླ12ཚེས3ཉིན་གྱི་སྔ་དྲོར། པེ་ཅིང་དུ་ཕྱིར་ལོག་གནང་བའི་ལམ་བར་དུ། ཞི་ཅིན་ཕིང་ཅང་སུའུ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཤིན་ཁྲང་ཤིང་དང་ཞིང་ཆེན་འགོ་འཛིན་ཞུས་ཁུན་ལིན་གྱི་ཕེབས་རོགས་འོག་ཡན་ཁྲེང་གྲོང་ཁྱེར་དུ་དམག་དཔུང་ཤིན་སི་ཅུན་གྱི་དྲན་གསོ་ཁང་ལ་གཟིགས་སྐོར་དུ་ཕེབས་པ་རེད། འགྲེམས་སྟོན་ཁང་གི་འདྲ་པར་རེ་རེ་དང་། ལོ་རྒྱུས་ཀྱི་དཔྱད་ཡིག་རེ་རེ། རིག་དངོས་རེ་རེ། འདྲ་བཟོའི་ལྗོངས་རྣམ་རེ་རེ་བཅས་ལས་དམག་དཔུང་ཤིན་སི་ཅུན་གྱི་ཁྲག་བཏོན་དམར་འཛིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཆད་ལྷག་མེད་པར་མངོན་ཡོད། ཞི་ཅིན་ཕིང་ནས་གོམ་པ་སྤོ་མཚམས་ཡང་ཡང་བཞག་ནས་ཚང་མ་དང་སྤེལ་རེས་གནང་ཡོད། ཁོང་གིས། དམག་དཔུང་ཤིན་སི་ཅུན་གྱི་ལོ་རྒྱུས་ཐོག་ནས་དམངས་སེམས་ཕྱོགས་མིན་གྱིས་ལོ་རྒྱུས་ཀྱི་གདམ་ག་གཏན་འཁེལ་བྱེད་ཀྱི་ཡོད་པ་དང་། རྒྱལ་སྲིད་ནི་མི་དམངས་ལ་བརྟེན་དགོས་པ་དང་། མི་དམངས་ནི་རྒྱལ་སྲིད་ལ་བརྟེན་དགོས་པ་གསལ་བཤད་གང་ལེགས་བྱས་ཡོད། འདི་ནི་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བའི་གསོན་ཉམས་ལྡན་པའི་སློབ་གཞི་ཞིག་ཡིན་པས། སློབ་གཞི་འདི་བེད་སྤྱོད་ལེགས་པོ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་དཀའ་ངལ་དང་ཉེན་ཁ་ལ་མི་སྐྲག་པ་དང་། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པའི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། མི་དམངས་ལ་རྒྱབ་རྟེན་དམ་པོ་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་འདུག

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།

ལི་ཀན་ཅེ་དང་ཧོ་ལི་ཧྥེང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཁག་སོ་སོས་གོང་གསལ་གྱི་འབྲེལ་ཡོད་བྱེད་སྒོར་མཉམ་དུ་ཕེབས་རོགས་ཞུས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ལྔ་པའི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས་ཡོད།།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་ཏང་ཨུ་སྐབས12པའི་ཚང་འཛོམས་གྲོས་ཚོགས་ཐེངས4པ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་དུ་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།